འཛམ་གླིང་གསོ་བའི་ལས་ཚོགས་ ཡིག་ཚང་ལས་ གསོ་བའི་བརྟག་དཔྱད་འཕྲུལ་ཆས་ཀྱི་རྒྱབ་སྐྱོར།

སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ འབྲུག་གི་འབུ་ནད་ཀྱི་ ཉེན་ཁ་་བརྟག་དཔྱད་དང་ གདོང་ལན་ལུ་ གནད་འགག་ཆེ་བའི་ ལྕོགས་གྲུབ་ཡར་དྲག་གི་དོན་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ ཡིག་ཚང་གིས་ ད་རེས་ ལག་ལེན་ཐོག་ལུ་ཡོད་མི་ ནད་ཡམས་མ་དངུལ་ལས་འགུལ་གྱི་ ཆ་ཤས་སྦེ་ རྒྱལ་འཛིན་ནད་རིགས་བཀག་འཛིན་ལྟེ་བ་ལུ་ དངུལ་ཀྲམ་ས་ཡ་ ༡༩.༣ གནས་པའི་ དེང་དུས་དང་བསྟུན་པའི་ གསོ་བའི་བརྟག་དཔྱད་འཕྲུལ་ཆས་ཚུ་གི་ རྒྱབ་སྐྱོར་བྱིན་ནུག།

རྒྱབ་སྐྱོར་དེ་གིས་ དབུགས་གཏོང་ལེན་ལུ་གནོད་པའི་ འབུ་སྲིན་དང་ ནད་གཞི་ དེ་ལས་ གཞན་ཡང་ ཉེན་ཁ་ཡོད་པའི་ འབུ་ནད་ཚུ་ སྔ་གོང་ལས་ ཁྱབ་སྤེལ་ངོས་འཛིན་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིནམ་ལས་ མི་མང་འཕྲོད་བསྟེན་གྱི་ དོ་འགྲན་ཚུ་ལུ་ གདོང་ལན་འབད་ནི་གི་ ལྕོགས་གྲུབ་ལེགས་སྒྱུར་གཏང་ཚུགས་ནི་ཨིན་པས།

གསོ་བ་ལྷན་ཁག་ ཁ་ཐུག་ལས་ རྒྱལ་ཁབ་ནང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ལས་ གསོ་བའི་རིམ་ལུགས་བཙན་ཐབས་དང་ ནད་ཡམས་ཚུ་ལུ་ གྲ་སྒྲིག་དང་ གདོང་ལན་ཚུ་ ངེས་གཏན་བཟོ་ནི་ལུ་ ཁས་ལེན་འཕྲོ་མཐུད་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ གསོ་བའི་གཞུང་འབྲེལ་ཕེཛ་བུག་ནང་ བཀོད་འདུག་པའི་གནས་ཚུལ།

Please follow and like us: