
པདྨ་དབང་འདུས།
ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་གྱིས་ འགོ་ཁྲིད་ཐོག་ལས་ འབྲུག་གི་འཐུས་མི་སྡེ་ཚན་ཅིག་གིས་ སྤྱི་ཟླ་ ༨ པའི་ཚེས་ ༥ ལས་ ༨ ཚུན་གྱི་བར་ན་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཚུ་གི་སྐོར་ལས་ ཊཱག་མེ་ནིཛ་ཏཱན་གྱི་ས་གནས་ ཨ་ཝ་ཟ་ལུ་ཚོགས་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞལ་འཛོམས་ནང་ གྲལ་གཏོགས་འབད་ནུག།
ཞལ་འཛོམས་དེ་ནང་ འཛམ་གླིང་མཐའ་དབུས་མེད་པའི་ ས་ཁོངས་ཚུ་གི་ནང་ལས་ འགོ་ཁྲིདཔ་ཚུ་ འཛོམས་ཐོག་ལས་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ ༣༢ ལུ་ ཚོང་འབྲེལ་དང་ མཐུད་འབྲེལ་ གནམ་གཤིས་ཀྱི་ ཉེན་ཁ་ཚུ་རྩིས་ཏེ་ གོང་འཕེལ་གྱི་ དོ་འགྲན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་གིས་ སྤྱི་ལོ་ ༢༠༠༣ གྱི་ ཨཱལ་མ་ཏི་དང་ སྤྱི་ལོ་ ༢༠༡༤ གི་ ཝི་ཡེ་ན་ ཞལ་འཛོམས་ཚུ་གུ་ གཞི་བརྟེན་ཐོག་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཚུ་གི་ ནུས་སྟོབས་དང་ ཚོང་འབྲེལ་ ཡུན་བརྟན་གོང་འཕེལ་ཚུ་ ཡར་དྲག་གི་དོན་ལུ་ ཆ་འཇོག་གྲུབ་ཡོད་པའི་ ཨ་ཝ་ཟ་ ལག་ལེན་ལས་རིམ་དེ་ མདུན་བསྐྱོད་འབད་ནི་ཨིནམ་སྦེ་བཀོད་ནུག།
ཞལ་འཛོམས་དེ་ནང་ འབྲུག་གི་ཕྱི་འབྲེལ་དང ་ཕྱིར་ཚོང་བློན་པོ་གིས་ རྒྱལ་ཡོངས་ཀྱི་ བརྗོད་དོན་ཅིག་ གསལ་བཤད་གནང་པའི་ནང་གསལ་ ཨ་ཝ་ཟ་ ལག་ལེན་ལས་རིམ་གྱི་ གཙོ་རིམ་ཅན་གྱི་ གནད་དོན་ཁག་ ༥ འགྲུབ་ནི་ལུ་ གཅིག་སྒྲིལ་འབད་ནི་གི་ ཁས་ལེན་མཛད་ཡོདཔ་ད་ ཞལ་འཛོམས་ཉིན་ ༣ པའི་ནང་ ནུས་སྟོབས་བཙན་ཐབས་དང་ གནམ་གཤིས་འགྱུར་བ་དང་ རྐྱེན་ངན་གྱི་ ཉེན་ཁ་ཚུ་གི་སྐོར་ལས་ གསུང་གྲོས་སྐབས་ལུ་ མཉམ་འབྲེལ་ཁྲི་འཛིན་ མཛད་ཡོདཔ་ཨིན་པས།
དེ་མ་ཚད་ བློན་པོ་མཆོག་གིས་ ཞལ་འཛོམས་ཀྱི་ཕྱི་ཁར་སྦེ་ ཊཱག་མེ་ནིཛ་ཏཱན་དང་ ཕི་ལི་པིན་ ཛེག་རི་པབ་ལིཀ་ མོང་གོ་ལི་ཡའི་ རྒྱལ་ཁབ་ཚུ་གིས་གཙོས་པའི་ ཞལ་འཛོམས་དེ་ནང་ གྲལ་གཏོགས་འབད་མི་ རྒྱལ་ཁབ་ཁག་གི་ འགོ་ཁྲིདཔ་ཚུ་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་འོགམ་ དེ་ལས་ རྒྱལ་སྤྱིའི་ལས་ཚོགས་ཚུ་གི་ འགོ་ཁྲིདཔ་ཚུ་དང་ དེ་ལས་ བསམ་ཞིབ་མཁས་མཆོག་ཚུ་དང་གཅིག་ཁར་ མཐའ་དོན་གཅིག་པའི་ གནད་དོན་ཚུ་གི་སྐོར་ལས་ ཟུང་ཕྱོགས་ཞལ་འཛོམས་ཚུ་ཡང་གནང་ནུག།
སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཚུ་གི་ ཞལ་འཛོམས་ནང་ བློན་པོ་མཆོག་གིས་ གྲལ་གཏོགས་མཛད་མི་དེ་གིས་ དོན་དག་ཡོད་པའི་ རྒྱལ་སྤྱིའི་མཉམ་འབྲེལ་ཚུ་ གོང་འཕེལ་གཏང་ནི་ལུ་ འབྲུག་གི་ཁས་ལེན་ཡོད་པའི་ བརྡ་མཚོན་སྟོན་ཡོདཔ་ད་ ཕྱོགས་མང་མཉམ་འབྲེལ་དང་ མོས་མཐུན་ཅན་གྱི་བརྩི་མཐོང་ ལོངས་སྤྱོད་བགོ་མཐུན་བཅས་ཀྱི་ གཞི་རྩའི་ལམ་སྟོན་ཐོག་ལས་ རྒྱལ་སྤྱིའི་གྲོས་གནས་ཚུ་ནང་ གོ་དོན་ཁ་སྐོང་ཚུ་ཡང་ གསལ་བཤད་གནང་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1390625
Views Today :
Total views : 5000
Who's Online :