
ཀརྨ་རྡོ་རྗེ།
སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༨ ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གིས་ ཐིམ་ཕུ་ལུ་ དཔའ་ཉམས་ཀྱི་སྒོ་ལས་ བཟོ་གྲྭ་གོང་འཕེལགྱི་ མདུན་ལམ་འཆར་གཞི་ ༢༠༢༥ ཅན་མ་དེ་ གཞུང་འབྲེལ་ཐོག་ལས་ འགོ་འབྱེད་མཛད་ནུག།
དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་ཚུ་ལུ་ གཞི་བརྟེན་ཏེ་ དུས་རབས་ ༢༡ པའི་ དཔལ་འབྱོར་གྱི་ མདུན་ལམ་འཆར་གཞི་དང་ འབྲེལ་མཐུན་ཐོག་ལས་ འབྲུག་གི་བཟོ་གྲྭ་གོང་འཕེལ་གྱི་དོན་ལུ་ ངེས་གསལ་ཅན་སྦེ་ བསྐྱར་བཀོད་འབད་མི་ རྒྱལ་ཡོངས་ཀྱི་ གསར་བཏོད་ལས་དོན་ཅིག་ཨིན་པས།
བཟོ་གྲྭ་གོང་འཕེལ་ མདུན་ལམ་འཆར་གཞི་དེ་ནང་ འབྲུག་གི་བཟོ་གྲྭ་ལས་སྡེ་དེ་ རྒྱལ་སྤྱིའི་གནས་རིམ་ནང་ དོ་འགྲན་འབད་ཚུགས་པའི་ དཔལ་འབྱོར་ལོངས་སྤྱོད་ཀྱི་ འཕྲུལ་ཆས་ལུ་ སྒྱུར་ནིའི་དོན་ལས་ གནད་དོན་ཀུན་ཚང་དང་ མ་འོངས་པའི་དོན་ལུ་ གྲ་སྒྲིག་ཡོད་པའི་ ཐབས་བྱུས་ཅན་གྱི་ སྒྲིག་བཀོད་ཚུ་བཀོད་ནུག།
མདུན་ལམ་འཆར་གཞིའི་ ཡིག་ཆ་དེ་གིས་ ལས་སྡེའི་སྒྲིག་བཀོད་ཀྱི་ དོ་འགྲན་ཚུ་ བསལ་ཐབས་འབད་བའི་ཁར་ ལུང་ཕྱོགས་ནང་ སྔོ་ལྗང་དང་ གསར་བཏོདལུ་བརྟེན་པའི་ བཟོ་གྲྭའི་ཡར་འཕར་འདྲ་མཉམ་གྱི་ གཞི་འགྱམ་བཙུགསཔ་ཨིན་པས།
ད་རེས་ བཟོ་གྲྭ་ལས་སྡེ་གིས་ འབྲུག་གི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་ ༥༣ དེ་ཅིག་གིས་ ལྷན་ཐབས་འབད་དོ་ཡོད་རུང་ རྒྱ་སྐྱེད་དང་ གནས་གོང་ཁ་སྐོང་ བཀལ་ཐངས་ཚུ་ མེད་པའི་ཁར་ ནང་འདྲེན་ཚུ་ལུ་ཡང་ གཞི་བརྟེན་འབད་དགོཔ་ལས་ གོང་འཕེལ་ཚད་ལྡན་སྦེ་ མ་འགྱོ་བར་ཡོདཔ་སྦེ་བཀོད་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༣ གྱི་ བཟོ་གྲྭའི་གྲངས་རྩིས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བཟོ་གྲྭ་བརྒྱ་ཆ་ ༩༥ དེ་ཅིག་ ནང་འཁོད་བཟོ་གྲྭ་དང་ བཟོ་གྲྭ་ཆུང་བའི་གྲངས་སུ་ ཚུད་དོ་ཡོདཔ་ད་ དེ་ཚུ་གི་གྲས་ལས་ བརྒྱ་ཆ་ ༥༩ དེ་ཅིག་ དངུལ་འབྲེལ་དང་ ཚོང་ལམ་ སྒྲིག་གཞི་ཚུ་གི་ དོ་འགྲན་ལུ་བརྟེན་ཏེ་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ་ཨིན་པས།
ལཱ་གཡོག་མེད་པའི་ ན་གཞོན་གྱི་ ཚད་གཞི་དེ་ཡང་ བརྒྱ་ཆ་ ༡༧.༧ ལུ་ གནས་མི་དེ་ གནད་དོན་གལ་ཅན་ཅིག་སྦེ་ བརྩི་འཇོག་ཐོག་ལས་ ལཱ་གཡོག་གི་ གོ་སྐབས་བཏོན་ནི་དང་ ལག་རྩལ་འབྲེལ་མཐུན་ཚུ་ གང་མགྱོགས་འབད་དགོཔ་ཡོདཔ་སྦེ་བཀོད་ནུག།
མདུན་ལམ་འཆར་གཞི་དེ་གིས་ གོ་སྐབས་མཐོ་དྲགས་ཡོད་པའི་ ལས་སྡེ་ ༡༠ ངོས་འཛིན་གྲུབ་སྟེ་ཡོདཔ་ད་ དེ་ཡང་ དོ་འགྲན་གྱི་ གནས་སྟངས་དང་ ཡུན་བརྟན་ དེ་ལས་ རྒྱལ་སྤྱིའི་མཁོ་འདོད་ཚུ་དང་བསྟུན་ཏེ་ཨིན་པས།
ངོས་འཛིན་གྲུབ་པའི་ ལས་སྡེ་ཚུ་ཡང་ སོ་ནམ་བཟོ་གྲྭ་དང་ གསར་བཏོད་བཟོ་གྲྭ་ གནད་སྡུད་ལྟེ་བའི་ཞབས་ཏོག་ ནགས་ཚལ་ལུ་བརྟེན་པའི་བཟོ་གྲྭ་ ཤེས་རིག་གི་ཞབས་ཏོག་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་བཟོ་གྲྭ་ སྨན་བཅོས་འཕྲུལ་རིག་དང་ བདེ་ཉམས་བཟོ་གྲྭ་ གཏེར་དངོས་ལུ་བརྟེན་པའི་བཟོ་གྲྭ་ སླར་བྱུང་ནུས་ཤུགས་ བལྟ་བསལ་ཚུ་ཨིནམ་སྦེ་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390478
Views Today :
Total views : 5000
Who's Online :