
རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཁྲོམ་ཚོགས་ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༢༣ དམར་བསད་འབད་ཡོདཔ་ད་ ངོ་རྒོལ་དམག་སྡེ་ ཧ་མཱཛ་གིས་ ཕྱད་མདའི་སྐོར་ལས་ ཨི་ཇིབ་རྒྱལ་ཁབ་ཀྱི་ འདུམ་འགྲིག་པ་ཚུ་དང་ གྲོས་གླེང་ཚུ་འབད་ནུག།
དེ་ཡང་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་ལང་སྟེ་ ལོ་ངོ་ ༢ དེ་ཅིག་གི་རིང་ལུ་ ཉིནམ་ ༡ གི་ནང་ དེ་བཟུམ་མའི་ དམར་བསད་འབད་མི་དེ་ འགོ་དང་པ་ཨིནམ་ད་ ད་ཚུན་གྱི་བར་ན་ མི་རློབས་ས་ཡ་ ༢ ལྷགཔ་ཅིག་སྡོད་མི་ ག་ཟ་ཁྲོམ་ཚོགས་ཀྱི་ སྡོད་ཁྱིམ་ཚུ་ཡང་ གཏོར་བཏང་ཡོདཔ་སྦེ་ཨིན་པས།
ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནི་ཡ་ཧུ་གིས་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ ག་ཟ་ལས་ འཐོན་འགྱོ་དགོཔ་སྦེ་ ཡང་བསྐྱར་བཤད་མི་ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ཡང་ རྒྱབ་སྐྱོར་ཡོད་ལུགས་ཚུ་བཤད་ནུག།
ཨིཛ་རེལ་གྱི་ བློན་ཆེན་གྱིས་འབད་བ་ཅིན་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ བཏོན་གཏང་ནི་སྦེ་མེན་པར་ ཁོང་ར་གིས་ འཐོན་འགྱོ་ཆོག་ཟེར་ཨིནམ་མ་ཚད་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ལུ་ ཚ་གྱང་ཡོད་མི་ རྒྱལ་ཁབ་ག་ར་གིས་ ཨིཛ་རེལ་ལུ་ ཁ་གཏང་སྡོད་ནི་མེན་པར་ མི་སེར་དེ་ཚུ་གི་དོན་ལུ་ སྒོ་ར་ཕྱེ་དགོ་ཟེར་ཨིན་པས།
དེ་ཚེ་ ཨིཛ་རེལ་གྱི་ གནམ་གྲུ་དང་ སྟོབས་ཚུ་གིས་ ཁྲོམ་ཚོགས་ག་ཟ་ལུ་ གནོད་འཚུབ་བཀལཝ་ད་ ས་གནས་ཛེ་ཨི་ཊཱོན་དང་ ཤེ་ཇ་ཨི་ཡ་ཟེར་སར་ སྡོད་ཁྱིམ་ལེ་ཤ་ཅིག་ མེདཔ་བཏང་ཡོདཔ་མ་ཚད་ སྡོད་ཁྱིམ་ཅིག་གི་ནང་ལས་ར་ མི་གྲངས་ ༡༢ དམར་བསད་འབད་ནུག།
དེ་བཟུམ་སྦེ་ ས་གནས་ཁཱན་ཡུ་ནིཛ་ལུ་ཡང་ སྡོད་ཁྱིམ་དག་པ་ཅིག་ར་ མེདཔ་བཏང་པའི་ཁར་ ག་ཟའི་ཁྲོམ་ཚོགས་ལྟེ་བ་ལུ་ ཀྲོབ་མདའ་རྐྱབ་སྟེ་ གྲོགས་རམ་འཚོལ་མི་ ༩ ཡང་ དམར་བསད་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ག་ཟ་ཁྲོམ་ཚོགས་ནང་ བཀྲེས་སྐོམ་ལུ་བརྟེན་ཏེ་ དུས་ཡུན་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ར་ ཨ་ལོ་ ༣ བརྩིས་ཏེ་ མི་གྲངས་ ༨ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཕྱད་མདའ་འགོ་བཙུགས་ཞིནམ་ལས་ ད་ཚུན་གྱི་བར་ན་ ག་ཟ་ལུ་ བཀྲེས་སྐོམ་ལུ་བརྟེན་པའི་ ཨ་ལོ་ ༡༠༦ བརྩིས་ཏེ་ མི་གྲངས་བསྡོམས་ ༢༣༥ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 3159
Users Yesterday : 3742
This Month : 70189
This Year : 507182
Total Users : 1218998
Views Today : 3957
Total views : 3268536
Who's Online : 34