
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ ར་ཤི་ཡ་གིས་ མི་སྡེ་བརྡ་བརྒྱུད་ ཝཱཛ་ཨེབ་ཀྱི་ཐོག་ལས་ ལོ་རྒྱུས་སླབ་ནི་དང་ ཊེ་ལི་ག་རམ་བརྒྱུད་དེ་ བརྡ་འཕྲིན་སྤེལ་ནི་ཚུ་ བཀག་དམ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།
བཀག་དམ་དེ་གིས་ ཟླ་རིམ་བཞིན་དུ་ ཝཱཛ་ཨེབ་ལག་ལེན་འཐབ་མི་ ས་ཡ་ ༩༦ དང་ ཊེ་ལི་ག་རམ་སྤྱོད་མི་ ས་ཡ་ ༨༩ དེ་ཅིག་ལུ་ གནོད་པ་འབྱུང་ནི་ཨིན་པས་ཟེར་ ར་ཤི་ཡའི་ བརྡ་བརྒྱུད་བལྟ་རྟོག་སྡེ་ཚན་གྱིས་ བཤད་ཡོདཔ་ཨིན་པས།
དེ་ཡང་ ར་ཤི་ཡའི་ བརྡ་བརྒྱུད་དང་ ཡོངས་འབྲེལ་སྒྲིག་འཛིན་ལས་སྡེ་ རོཛ་ཀོམ་ནཱཌ་ཛོར་གྱིས་འབད་བ་ཅིན་ ཐབས་ལམ་དེ་ཡང་ ཉེས་ལས་ཚད་འཛིན་གྱི་དོན་ལུ་ དགོས་དོན་ཡོད་ལུགས་དང་ ཁྲིམས་ལུགས་བསྟར་སྤྱོད་ལས་སྡེ་དང་ མི་སེར་ལེ་ཤ་ཅིག་གིས་ ཊེ་ལི་ག་རམ་དང་ ཝཱཛ་ཨེབ་ ༢ ཀྱི་ ཞབས་ཏོག་ཚུ་ གཡོ་སྒྱུ་དང་ དངུལ་ཟོལ་གྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་བཤད་ནུག།
དེ་མ་ཚད་ མི་སྡེ་བརྡ་བརྒྱུད་ ༢ ཀྱིས་ ར་ཤི་ཡའི་ མི་སེར་ཚུ་ལུ་ གནོདཔ་བཀལ་ནི་དང་ དྲག་ཐོག་དབང་བཙོང་གི་ ལཱ་ཚུ་འབད་ནི་ལུ་ ལག་ལེན་འཐབ་མས་ཟེར་ཨིནམ་ད་ མ་གཞི་ མི་སྡེ་བརྡ་བརྒྱུད་ ༢ ཀྱི་ ཇོ་བདག་ཚུ་ལུ་ དེ་བཟུམ་མའི་ ལཱ་བྱ་བཀག་ཐབས་འབད་དགོ་པའི་ ནན་སྐུལ་འབད་ཡོད་རུང་ སྣང་མེད་བསྐྱུར་ཏེ་བཞགཔ་ལས་ ཕྱིའི་བརྡ་འཕྲིན་རིམ་ལུགས་ཚུ་གིས་ ར་ཤི་ཡའི་ ཁྲིམས་ལུགས་ཚུ་དང་ ཆ་གནས་ཚུལ་མཐུན་མ་འབད་ཚུན་ མི་སྡེ་བརྡ་བརྒྱུད་དེ་ཚུ་ བཀག་དམ་འབད་དེ་ བཞག་ནི་ཨིན་པས།
ར་ཤི་ཡ་གིས་ སྤྱི་ལོ་ ༢༠༠༢༢ ལོར་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་ཞིནམ་ལས་ཚུར་ ར་ཤི་ཡའི་ཁ་ཐུག་ལུ་ ཡོངས་འབྲེལ་ཚུ་ ཚད་འཛིན་འབད་ནི་ རྒྱ་སྐྱེད་གཏང་དོ་ཡོདཔ་ད་ སྲུང་སྐྱོབ་ཞབས་ཏོག་ལས་སྡེ་གིས་ ཡུ་ཀེ་རེན་གྱིས་ དམག་གསར་བཙུགས་ནི་དང་ ར་ཤི་ཡ་ལུ་ གནོད་འཚུབ་བཀལ་ནིའི་དོན་ལས་ མི་སྡེ་བརྡ་བརྒྱུད་ ཊེ་ལི་ག་རམ་དེ་ ལག་ལེན་འཐབ་དོ་ཡོད་པའི་ ཁ་ཉེས་བཀལཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 3116
Users Yesterday : 3742
This Month : 70146
This Year : 507139
Total Users : 1218955
Views Today : 3906
Total views : 3268485
Who's Online : 24