རྒྱ་གར་གྱི་མངའ་སྡེ་ ཀཤ་མིར་ལུ་ གློ་བུར་དུ་ ས་རུད་ཆད་དེ་ མི་གྲངས་ ༤༦ ལུ་ཤི་རྐྱེན།

བི་བི་སི།

སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ རྒྱ་གར་གྱི་མངའ་སྡེ་ ཀཤ་མིར་ལུ་ ཧིན་དུའི་གནས་སྐོར་པ་ཚུ་སྡོད་སའི་ གཡུས་ཚན་ནང་ གློ་བུར་དུ་ ས་རུད་ཐོན་ཏེ་ མི་གྲངས་ ༤༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ས་རུད་དེ་ཡང་ གངས་རི་ཧི་མ་ལ་ཡ་ལུ་ ཡོངས་གྲགས་ཅན་གྱི་ ལྷ་ཁང་ཅིག་ཡོད་སར་ ཧིན་དུའི་ཆོས་ལུགས་འབད་མི་ཚུ་ གནས་སྐོར་ལུ་ འགྱོ་སའི་ལམ་ཁར་ གཡུས་ཚན་ཅོ་སི་ཊི་ཟེར་སར་ཐོན་ནུག།

ཡོངས་འབྲེལ་ཐོག་ལས་ བརྙན་ཐུང་ཚུ་ ཁྱབ་སྤེལ་འབད་མིའི་ནང་ སྣུམ་འཁོར་ཚུ་ ས་རུད་ཀྱིས་ འཕྱགས་བདའ་ས་དང་ སྲོག་སྐྱབས་འབད་མི་ཚུ་གིས་ སྡོད་ཁྱིམ་མེདཔ་བཏང་ཡོད་མི་ཚུ་ནང་ གསོན་པོ་སྦེ་ཡོད་མི་ཚུ་ འཚོལ་ཞིབ་འབད་སར་ མཐོང་དོ་ཡོདཔ་ད་ གནས་སྐོར་པ་ཚུ་ཡང་ ཉེན་སྲུང་ཅན་གྱི་ས་ཁར་ སྤོ་བཤུད་འབད་ཡོད་རུང་ མི་གྲངས་ ༥༠ དེ་ཅིག་ བྱང་སྟོར་ཤོར་ཡོདཔ་ཨིན་པས།

རྒྱ་མུ་དང་ ཀཤ་མིར་གྱི་ སྤྱི་ཚོགས་འཐུས་མི་ བློན་པོ་ཇི་ཏེན་ད་ར་སིང་གི་ས་ ས་རུད་དེ་ ཚབས་ཆེན་ཅིག་འབདཝ་ལས་ སྲོག་སྐྱབས་སྡེ་ཚན་ཚུ་ལུ་ འཛུལ་ཞུགས་ཀྱི་ དཀའ་ངལ་དང་ འཁོར་ལམ་ཅིག་ཡང་ འཕྱགས་བདའ་ཡོདཔ་ད་ གནམ་གཤིས་ཀྱིས་ གནམ་གྲུ་ཧེ་ལི་ཀོབ་ཊར་ ལག་ལེན་འཐབ་ནི་ལུ་ཡང་ ཐོ་ཕོག་ཡོདཔ་སྦེ་བཤད་ནུག།

མངའ་སྡེའི་གཙོ་འཛིན་བློན་པོ་ ཨོ་མར་ཨབ་དཱུ་ལ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ མྱ་ངན་ཅན་གྱི་ གནད་དོན་ཅིག་འབདཝ་ལས་ སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ རྒྱ་གར་རང་དབང་གི་ ཉིནམ་བརྩི་སྲུང་ནང་ ལམ་སྲོལ་གྱི་ལྟདམོ་ དག་པ་ཅིག་ར་ ཆ་མེད་བཏང་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ཡང་ དགོས་མཁོ་ཡོད་མི་ཚུ་ལུ་ གྲོགས་རམ་གང་དྲག་འབད་ནི་ཨིན་ཟེར་ གསུངས་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་བྱང་ཕྱོགས་ཀྱི་ ས་ཁོངས་ཚུ་ནང་ ཆརཔ་ཤུགས་སྦེ་ རྐྱབ་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: