ར་ཤི་ཡ་དང་ ཡུ་ཀེ་རེན་རྒྱལ་ཁབ་ ༢ ཀྱི་བར་ན་ བཙོན་པ་བརྗེ་སོར།

ཨེན་ཌི་ཊི་ཝི།

སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ ཕྱད་མདའི་ནང་ འཛིན་བཟུང་འབད་དེ་ཡོད་མི་ བཙོན་པ་ ༨༤ རེ་ བརྗེ་སོར་འབད་ཡོདཔ་ད་ དུས་ཅི་ རྒྱལ་ཁབ་ ༢ ཀྱི་བར་ན་ དེ་བཟུམ་མའི་ བརྗེ་སོར་ལས་རིམ་ ལན་ཐེངས་དག་པ་ཅིག་ར་ ལག་ལེན་འཐབ་སྟེ་ བཙོན་པ་བརྒྱ་ཕྲག་སྦེ་ བརྗེ་སོར་འབད་ཡི་ཟེར་ཨིན་པས།

འཕྲལ་ཁམས་ཀྱི་ བཙོན་པ་བརྗེ་སོར་དེ་ཡང་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་དང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་ ༢ ཀྱི་བར་ན་ ས་གནས་ཨ་ལཱཛ་ཀ་ལུ་ དབུ་ཁྲིད་ཞལ་འཛོམས་ མ་གནང་པའི་ཧེ་མར་ ལག་ལེན་འཐབ་ནུག།

ཡུ་ཀེརེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལིནཛ་ཀི་གིས་འབད་བ་ཅིན་ བརྗེ་སོར་འབད་མི་ བཙོན་པ་ཚུ་གི་གྲངས་སུ་ ར་ཤི་ཡ་གིས་ སྤྱི་ལོ་ ༢༠༡༤ དང་ ༢༠༡༧ ལས་ ༢༠༡༨ ཀྱི་བར་ན་ འཛིན་བཟུང་འབད་མི་ ཞི་བའི་མི་སེར་ཚུ་ཡང་ཡོད་ཟེར་ཨིན་པས།

དེ་སྦེ་ བཙོན་པ་མང་སུ་སྦེ་ བརྗེ་སོར་འབད་ཚུགས་མི་དེ་ཡང་ སྤྱི་ཟླ་ ༥ པ་ལས་ ༧ པའི་བར་ན་ གྲོས་གླེང་ལན་ཐེངས་ ༣ འབད་བའི་ གྲུབ་འབྲས་ཨིནམ་ད་ ཟླཝ་ཧེ་མའི་ གྲོས་གླེང་སྐབས་ལུ་ བཙོན་པ་ ༡,༢༠༠ རེ་ བརྗེ་སོར་འབད་ནི་ལུ་ ཁ་འཆམ་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: