
སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ འབྲུག་གི་གེ་སར་རྒྱལ་པོ་ གསོ་བའི་ཚན་རིག་གཙུག་ལག་སློབ་སྡེའི་ གཞུང་སྐྱོང་ལྷན་ཚོགས་ཀྱི་ཁྲི་འཛིན་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ ཌོག་ཊར་པདྨ་རྣམ་རྒྱལ་དེ་ གསོ་བའི་ཚན་རིག་གཙུག་ལག་སློབ་སྡེའི་ གཙོ་འཛིན་སྦེ་ བསྐོ་བཞག་གནང་ནུག།
ཌོག་ཊར་པདྨ་རྣམ་རྒྱལ་གྱིས་ ལོ་ངོ་ ༣༠ ལྷགཔ་ཅིག་གི་རིང་ལུ་ གསོ་བའི་ལས་སྡེ་ནང་ ཕྱག་ཞུ་ཡོདཔ་ད་ དེ་ཡང་ ལོ་ངོ་ ༢༢ ཀྱི་རིང་ལུ་ ཇི་ནི་བ་ལུ་ འཛམ་གླིང་གསོ་བའི་ལས་སྡེ་དང་ ནིའུ་དིལླི་ལུ་ འཛམ་གླིང་གསོ་བའི་ལས་སྡེའི་ ཤར་ལྷོ་ཨེ་ཤི་ཡའི་ ཡིག་ཚང་ཚུ་ནང་ ཆེ་མཐོའི་འགོ་ཁྲིད་ཀྱི་ ལཱ་འགན་ཚུ་ འབག་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ལས་རིམ་འཛིན་སྐྱོང་གི་ མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ད་ ཌོག་ཊར་པདྨ་རྣམ་རྒྱལ་དེ་ མི་མང་གསོ་བའི་མཁས་མཆོག་ཅིག་ཨིན་པའི་ཁར་ ཐོན་རིམ་ཅན་གྱི་ ནད་ཡམས་བཀག་ཐབས་ཀྱི་ མཁས་མཆོག་དང་ རྒྱལ་སྤྱི་གསོ་བའི་ འགོ་ཁྲིདཔ་ཅིག་ཡང་ཨིནམ་སྦེ་བཀོད་ནུག།
ཁོ་གིས་ གེ་སར་རྒྱལ་པོ་གསོ་བའི་ཚན་རིག་གཙུག་ལག་སློབ་སྡེའི་ གསོ་བའི་ཤེས་ཡོན་དང་ ཞིབ་འཚོལ་ གསར་བཏོད་ཚུ་གི་སྒོ་ལས་ མ་འོངས་པའི་དོན་ལུ་ འབྲུག་གི་གསོ་བའི་ལམ་ལུགས་ བཙན་ཐབས་དང་ གོང་འཕེལ་གཏང་ནི་ཚུ་གི་ འགོ་ཁྲིད་འབད་ནི་ཨིན་པས།
གསོ་བ་ལྷན་ཁག་ལས་ ཌོག་ཊར་པདྨ་རྣམ་རྒྱལ་ལུ་ བཀྲིས་བདེ་ལེགས་ཡོད་ལུགས་དང་ ད་ལས་ཕར་ ནུས་རྩལ་དང་ ཕུགས་མཐོང་ཅན་གྱི་ འགོ་ཁྲིད་འབད་བའི་ རེ་བ་ཡོད་ལུགས་ཡང་ བཤད་ཡོད་པའི་གནས་ཚུལ།