
ཤིང་སྦྲུལ་ཟླཝ་ ༦ པའི་ཚེས་ ༢༡ སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་རྫོང་ཁག་ གཡུས་ཐང་སྦིས་ལས་ སྐྱེས་ལོ་ ༣༨ འབད་མི་ སློབ་དཔོན་རྣམ་རྒྱལ་རྡོ་རྗེ་དེ་ དགེ་འདུན་འདུས་དམངས་དྲུང་ཆེན་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
སློབ་དཔོན་རྣམ་རྒྱལ་རྡོ་རྗེ་གིས་ ལོ་ན་ཆུང་ཀུའི་བསྒང་ལས་ གཞུང་གྲྭ་ཚང་ནང་ འཛུལ་ཞུགས་འབད་དེ་ བདེ་ཆེན་ཕོ་བྲང་ འབྲིང་རིམ་སློབ་གྲྭ་ལས་ རིམ་པ་བཞིན་དུ་ མཐར་འཁྱོལ་བའི་ཤུལ་ལུ་ རྟ་མགོ་ནང་པའི་མཐོ་རིམ་བཤད་གྲྭ་ལས་ སྤྱི་ལོ་ ༢༠༡༤ ལུ་ རིག་གཞུང་གི་ ཤེས་ཡོན་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས།
དེ་ལས་ ལྕགས་རི་རྡོ་རྗེ་གདན་ལུ་ སྔོན་འགྲོའི་རིམ་པ་དང་ དཔལ་རི་གསང་སྔགས་ཆོས་གླིང་ སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་ཡང་ གནང་པའི་ཤུལ་ལས་ རྟ་མགོ་དང་ ལྕགས་རི་དགོན་སྡེ་ཚུ་ནང་ ལས་འགན་མང་རབས་ཅིག་ བསྣམས་ཡོདཔ་མ་ཚད་ ད་ལྟོའི་གོ་གནས་ མ་བཞེས་པའི་ཧེ་མར་ དགེ་འདུན་གསོལ་སྦྱོར་ཡིག་ཚང་ནང་ ལས་དྲུང་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།