རྒྱ་པཱན་ལུ་ སྐྱེས་ལོ་ ༩༣ འབད་མི་ ཨ་རྒས་ཅིག་ ཁོ་རའི་བུ་གིས་ དམར་བསད་འབད་ཡོདཔ།

བི་བི་སི།

སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ རྒྱ་པཱན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨ་རྒས་ཅིག་ དོམ་གྱིས་བསད་ཡོདཔ་སྦེ་ ཡིད་ཆེས་བསྐྱེད་ཡོད་རུང་ ད་རེས་འབདཝ་ད་ དོམ་གྱིས་མིན་པར་ ཁོ་རའི་བུ་གིས་ གྱི་གསོབ་སྟེ་ དམར་བསད་འབད་ནུག་ཟེར་ཨིན་པས།

དེ་ཡང་ སྐྱེས་ལོ་ ༩༣ འབད་མི་ ཨ་རྒས་ཕུ་ཇི་ཡོ་ཤི་དེ་ དམར་བསད་འབད་བའི་ དོགས་པ་ལུ་བརྟེན་ཏེ་ སྐྱེས་ལོ་ ༥༡ འབད་མི་ ཕུ་ཇི་ཡོ་ཀི་ ཤིན་དོ་དེ་ ཨ་ཀི་ཏ་མངའ་སྡེའི་ བྱང་ཁ་ཐུག་ལས་ སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ འཛིན་བཟུང་འབད་ནུག།

ཚེ་འདས་ཨ་རྒས་ཀྱི་ ཨམ་སྲུ་དེ་གིས་ ཁོ་གི་ཕུངམོ་དེ་ ས་ཁར་བརྒྱལ་ཏེ་ ཁྲག་འཛག་ཡོད་སར་ མཐོང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་སྡེ་གིས་ དོམ་གྱིས་གནོདཔ་བཀལ་ཡོད་པའི་ ཉེན་བརྡ་ཚུ་ ཁྱབ་སྤེལ་འབད་ཡོད་རུང་ ཞིབ་དཔྱད་འབད་མི་ཚུ་གིས་ རྨ་ཤུལ་དེ་ གྱི་གིས་གསོབ་པའི་ རྨ་ཤུལ་ཨིནམ་སྦེ་ ངོས་འཛིན་འབད་ནུག་ཟེར་ཨིན་པས།

མ་གཞི་ བྱང་ཕྱོགས་རྒྱ་པཱན་ལུ་ དོམ་ཡར་སེང་འགྱོཝ་སྦེ་ མཐོང་མི་དེ་ མི་ལོ་ན་རྒས་མི་དང་ སོ་ནམ་ཞིང་ལཱ་ཚུ་ མར་ཉམས་འགྱོཝ་ལས་ རི་དྭགས་སེམས་ཅན་ཚུ་ཡང་ འགྲོ་བ་མིའི་སྦོ་ལོགས་ཁར་ཡོད་མི་ ས་གོ་ཚུ་ནང་ འཁྱམས་དོ་ཡོདཔ་སྦེ་བཀོད་ནུག།

ཞིབ་དཔྱད་འབད་མི་ཚུ་གིས་ ཤིན་དོ་སྡོད་མི་ བཟའ་ཚང་གི་ ཁྱིམ་ནང་ལས་ གྱི་ཅུང་དག་པ་ཅིག་ འཛིན་བཟུང་འབད་དེ་ དམར་བསད་འབད་མི་ མཚོན་ཆ་དེ་ ངོས་འཛིན་འབད་ནི་གི་ དཔའ་བཅམ་ཡོད་རུང་ དམར་བསད་འབད་དགོ་པའི་ གནད་དོན་ཐེད་ཁར་  ག་ནི་ཡང་ གསལ་སྟོན་འབད་མ་ཚུགསཔ་ཨིན་པས།

རྒྱ་པཱན་གྱི་ རང་བཞིན་གནས་སྟངས་ལྷན་ཁག་ལས་ ཨ་རྒས་ཕུ་ཇི་ཡོ་ཤི་དེ་ དོམ་གྱིས་གནོདཔ་བཀལ་ཏེ་ ཤི་རྐྱེན་བྱུང་ཡི་ཟེར་ བཤད་མི་དེ་ཡང་ རྒྱ་པཱན་ལུ་ འདས་པའི་ལོ་ནང་ དོམ་གྱིས་ གནོདཔ་བཀལ་མི་དེ་ ཡར་འཕར་འགྱོ་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༢༤ ལོར་ མི་གྲངས་ ༢༡༩ ལུ་ དོམ་གྱིས་གནོདཔ་བཀལ་མིའི་གྲས་ལས་ མི་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: