
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ ཨིཛ་རེལ་གྱི་ འགོ་དཔོན་ཅིག་གིས་ གཱ་ཟ་ལུ་ཡོད་མི་ ཨིཛ་རེལ་གྱི་བཙོན་པ་ ༥༠ པོ་ག་ར་ བཏང་དགོ་པའི་ མཁོ་འདོད་བཀོད་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ ཧ་མཱཛ་གྱིས་ ཉིན་གྲངས་ ༦༠ གི་རིང་ལུ་ དམག་འཁྲུག་མཚམས་འཇོག་གི་ གྲོས་འཆར་གསརཔ་ བཀོད་མི་ལུ་ ངོས་ལེན་འབད་མི་འབད་ཀྱི་ དོགས་པ་ཡོད་ཟེར་ཨིན་པས།
ཀ་ཊར་དང་ ཨི་ཇིབ་ཀྱིས་ བཙོན་པ་ཕྱེད་ཀ་དེ་ཅིག་ གཏང་དགོ་པའི་ གྲོས་འཆར་བཀོད་མི་དེ་ཡང་ ཧེ་མར་ ཡུ་ཨེཛ་གིས་ གྲོས་འཆར་བཀོད་མི་ལུ་ ཨིཛ་རེལ་གྱིས་ ངོས་ལེན་འབད་མི་དང་འཁྲིལ་ཏེ་ཨིནམ་སྦེ་ ཀ་ཊར་གྱིས་ གསལ་བཤད་འབད་ནུག།
དེ་གི་སྐོར་ལས་ ཨིཛ་རེལ་གྱིས་ ཐད་ཀར་དུ་ ངོས་ལེན་མེདཔ་སྦེ་ མ་བཤད་རུང་ ཨིཛ་རེལ་གཞུང་གི་མགྲིན་ཚབ་ ཌེ་བིཌ་མེན་སར་གྱིས་འབད་བ་ཅིན་ ཆ་ཤས་ཅན་གྱི་འགྲིག་ཆ་ལུ་ ངོས་ལེན་མེད་ཟེར་ཨིནམ་ད་ དེ་ཡང་ ད་རེས་ གནས་སྟངས་ལུ་ འགྱུར་བ་ཐོན་ཏེ་ བློན་ཆེན་གྱིས་ གཱ་ཟའི་དོན་ལུ་ འཆར་གཞི་ཅིག་ཡང་ བརྩམས་ཚར་ཏེ་ཡོད་ཟེར་ཨིན་པས།
པེ་ལེཛ་ཊིན་གྱི་ ཁ་ཐུག་ལས་ བཙོན་ཁང་ནང་ཡོད་མི་ གསོན་པོ་ ༡༠ དང་ ཕུངམོ་ ༡༨ རྩིས་སྤྲོད་འབད་ནི་ཨིན་རུང་ བཙོན་པ་ལྷག་ལུས་ཚུ་ རྒྱལ་ཁབ་གཉིས་ཆ་རའི་ཧོངས་ལས་ དམག་འཁྲུག་གཏན་འཇགས་སྦེ་ མཚམས་འཇོག་འབད་ནི་ལུ་ ཁ་འཆམས་པའི་ཤུལ་ལས་ གཏང་ནི་སྦེ་བཤད་ནུག།
འདས་པའི་ཟླཝ་ནང་ ཧ་མཱཛ་དང་གཅིག་ཁར་ ཕྱད་མདའ་མཚམས་འཇོག་གི་ གྲོས་གླེང་ཚུ་ལས་ གྲུ་འབྲས་ག་ནི་ཡང་ བྱུང་མ་ཚུགས་པའི་ཤུལ་ལུ་ ཨིཛ་རེལ་གྱི་ བློན་ཆེན་གྱིས་ གསལ་བསྒྲགས་འབད་མིའི་ནང་ པེ་ལིཛ་ཊིན་གྱི་ མི་སེར་ས་ཡ་ ༢.༡ ཡོད་མིའི་གྲས་ལས་ སྐྱབས་བཅོལ་ཐོག་ལུ་ མི་སེར་མང་ཤོས་ཡོད་མི་ ས་ཁོངས་ཚུ་དང་སྦྲགས་ཏེ་ གཱ་ཟ་ཡོངས་རྫོགས་ བཙན་དབང་འབད་ནི་གི་ ཀུན་སློང་ཡོད་ཟེར་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ གོ་མཚོན་འབག་མི་སྡེ་ཚན་དང་ པེ་ལེཛ་ཊེན་གྱི་ མི་སེར་ཚུ་གིས་ ཀའི་རོ་ལུ་སྦེ་ ཀ་ཊར་དང་ ཨི་ཇིབ་ཀྱིས་ འཆམ་ཁ་བཟོ་མི་དང་འཁྲིལ་ཏེ་ དམག་འཁྲུག་མཚམས་འཇོག་ལུ་ ངོས་ལེན་འབད་ཡོདཔ་སྦེ་ ཧ་མཱཛ་གིས་ གསལ་བསྒྲགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།