
མགོན་པོ་རྡོ་རྗེ།
སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ མི་མང་ལུ་ གསལ་བསྒྲགས་ཅིག་འབད་བའི་ནང་གསལ་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་ནང་ འོས་འབབ་མེད་མི་དང་ ཚུལ་དང་མ་མཐུན་པའི་ ལྟདམོ་འདྲ་མིན་སྣ་ཚོགས་ ཁྱབ་སྤེལ་འབད་མི་དེ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ལུ་ གྱུར་སོང་ནུག་ཟེར་ཨིན་པས།
དེ་ཡང་ ཊིག་ཊོག་ནང་ བཙུགས་ནིའི་དོན་ལས་ ནང་དོན་ཚུ་ བཟོ་མི་དང་ དངོས་མཐོང་སྦེ་ གསལ་སྟོན་འབད་མི་དེ་ འབྲུག་མི་ཚུ་གི་ནང་ན་ཡང་ མང་སུ་འཐོན་དོ་ཡོདཔ་སྦེ་བཀོད་ནུག།
མ་གཞི་ ནང་དོན་བཅའ་ཡིག་དང་ སྒྲིག་གཞི་ ༢༠༡༩ ཅན་མའི་ དོན་ཚན་ ༢.༢(ག) པའི་ནང་ མི་མང་གི་ ཚོར་སྣང་ལུ་གནོད་པའི་ ཉེན་ཁ་ཡོད་མི་དང་ ཀུན་སྤྱོད་རྣམ་གཞག་ལས་ འགལ་བ་ཡོད་མི་ ཡང་ཅིན་ མི་མང་གི་ ཉེན་སྲུང་ལུ་ གནོད་ཉེན་ཡོད་མི་དང་ ཁ་ངན་དང་ འདྲོག་བྱེལ་འཐབ་སྲིད་པའི་ རང་བཞིན་ཨིན་མི་ ཡང་ཅིན་ མཐུན་ལམ་མེདཔ་བཟོ་ནི་ལུ་ རྒྱུད་སྐུལ་བྱུང་མི་ གནད་དོན་ཚུ་ བཀག་དམ་ཨིནམ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
མི་སྡེ་བརྡ་བརྒྱུད་ནང་ དེ་བཟུམ་མའི་ ལྟདམོ་མ་འདྲཝ་ཚུ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་མཐོང་རུང་ འཕྲལ་འཕྲལ་སྦེ་ར་ རང་སོར་དགའ་བའི་ བརྡ་དོན་དང་ བསམ་འཆརབཤད་ནི་ གསོལ་རས་བྱིན་ནི་ ཡང་ཅིན་ མི་སྡེའི་ཆ་གནས་ཚུ་ལུ་བརྟེན་ཏེ་ རང་སོའི་སེམས་ཁར་ གནོད་པ་འབྱུང་ནི་དང་ ངོ་ཚ་ནི་གི་ གཞི་གནས་ཅིག་ལུ་ འགྱུར་ཐབས་ལུ་ རང་བཞིན་གྱིས་ ཨེབ་ཤུགས་འཐོན་པའི་ ཉེན་ཁ་ཚུ་ཡང་ཡོདཔ་སྦེ་བཀོད་ནུག།
དེ་སྦེ་ སྤྲོ་བ་སྟོན་ནིའི་དོན་ལས་ རང་ལུ་ གནོདཔ་བཀལ་ནི་དང་ མི་མང་གི་སྦུག་ན་ ངོ་ཚ་བའི་གཞི་ལུ་ འགྱུར་ནི་ཚུ་ ངོས་ལེན་འབད་དེ་ དུས་རྒྱུན་གྱི་ གནས་སྟངས་བཟུམ་སྦེ་ བརྩི་ནི་ཚུ་ ཡར་སེང་དང་ གྲལ་གཏོགས་འབད་མི་ཚུ་ལུ་ སེམས་ཁམས་དང་ གཟུགས་ཁམས་ལུ་ ཉེན་ཁ་འབྱུང་སྲིད་ནི་གིས་མ་ཚད་པར་ དེ་བཟུམ་མའི་ ཉེན་ཁ་ཅན་གྱི་ ལག་ལེན་ཚུ་ ཨ་ལོ་དང་ ན་གཞོན་ཚུ་གིས་ཡང་ དཔྱེ་བལྟ་ས་སྦེ་ ཆ་གནས་འབད་བའི་ ཉེན་ཁ་ཡོད་ཟེར་ཨིན་པས།
དེ་མ་ཚད་ མི་སྡེ་བརྡ་བརྒྱུད་ ལག་ལེན་འཐབ་མི་ཚུ་གིས་ རང་སོའི་བརྩི་བཀུར་དང་ འཕྲོད་བསྟེན་ ཉེན་སྲུངཚུ་ལུ་ གནོད་ཉེན་ཡོད་པའི་ གནས་སྟངས་ཚུ་ནང་ གྲལ་གཏོགས་འབད་ནི་ལས་འཛེམ་སྟེ་ གུས་ཞབས་དང་ ཉེན་སྲུང་ དེ་ལས་ དོན་དག་ཡོད་པའི་ ནང་དོན་ཚུ་ བརྗེ་སོར་འབད་ཐབས་ལུ་ མི་སྡེ་བརྡ་བརྒྱུད་ཚུ་ནང་ གྲལ་གཏོགས་འབད་དགོཔ་དེ་ གལ་ཆེ་ཟེར་བཀོད་ནུག།
དེ་འབདཝ་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ མི་སྡེ་བརྡ་བརྒྱུད་ ལག་ལེན་འཐབ་མི་དང་ ནང་དོན་བཟོ་སྒྲིག་འབད་མི་ དངོས་མཐོང་སྦེ་ བརྙན་ཐུང་ཁྱབ་སྤེལ་འབད་མི་ཚུ་གིས་ མི་གཞན་ལུ་གནོད་པའི་ ཉེན་ཁ་ཡོད་མི་དང་ ཚུལ་དང་མ་མཐུན་པའི་ བྱ་སྤྱོད་ཚུ་ མི་སྡེ་བརྡ་བརྒྱུད་ཚུ་ནང་ བཙུགས་ནི་ཚུ་ དེ་འཕྲལ་ལས་ སྤང་དགོ་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ མི་སྡེ་བརྡ་བརྒྱུད་གང་རུང་ནང་ བཅའ་ཡིག་དང་ སྒྲིག་གཞི་ཚུ་ལས་འགལ་བའི་ ནང་དོན་ཚུ་ཡོད་པ་ཅིན་ འབྲུག་གི་ཁྲིམས་ལུགས་ལྟར་དུ་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ བསྟར་སྤྱོད་འབད་ནི་ཨིན་པའི་ ཉེན་བརྡ་ཡང་འབདཝ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390476
Views Today :
Total views : 5000
Who's Online :