
པདྨ་དབང་འདུས།
ཝེཊ་ནམ་གྱི་ སྲིད་འཛིན་མཆོག་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལས་ ༢༢ ཚུན་ ཝེཊ་ནམ་ལུ་ འགོ་དང་པ་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡི།.
གཟིགས་སྐོར་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཝེཊ་ནམ་གྱི་ སྲིད་འཛིན་དང་ ཝེཊ་ནམ་ཀ་མུས་ནིཛ་ སྲིད་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ བློན་ཆེན་དང་ རྒྱལ་ཡོངས་ཚོགས་འདུའི་ ཁྲི་འཛིན་ཚུ་དང་གཅིག་ཁར་ ཟུང་ཕྱོགས་གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཕྱད་མདའི་དཔའ་བོ་དང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ ཤི་རྐྱེན་བྱུང་མི་ཚུ་གི་ དྲན་རྟེན་ལུ་ མེ་ཏོག་གི་ ཕྲེང་བ་ཚུ་ཡང་ བཀལ་གནང་ནུག།
དེ་བསྒང་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ གོང་འཕེལ་ཚུ་ལུ་ ཐུགས་མཉེས་བྱུང་ཡོདཔ་མ་ཚད་ ད་ལས་ཕར་ཡང་ སྲིད་དོན་དང་ དཔལ་འབྱོར་ མ་རྩ་གཞི་བཙུགས་ ཚོང་འབྲེལ་ འཕྲུལ་རིག་ ཤེས་རིག་ ལམ་སྲོལ་ མཁའ་འགྲུལ་མཐུད་སྦྲེལ་ གསོ་བ་ མཁས་མཆོག་བརྗེ་སོར་ སོ་ནམ་ མཐའ་འཁོར་གནས་སྟངས་ དེ་ལས་ བལྟ་བཤལ་དང་ མི་སེར་ཚུ་གི་བར་ན་ བརྗེ་སོར་ལས་རིམ་ ལུང་ཕྱོགས་ནང་དང་ རྒྱལ་སྤྱིའི་གནས་རིམ་ནང་ ཕྱོགས་མང་མཉམ་འབྲེལ་ཚུ་བརྩིས་ཏེ་ གནད་དོན་རྒྱ་ཆེ་བའི་ནང་ མཉམ་འབྲེལ་བཙན་ཐབས་ཚུ་གི་དོན་ལུ་ ཐུགས་ཀྱི་རེ་འདུན་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
ཝེཊ་ནམ་གྱི་ དབུ་ཁྲིད་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ དབུ་ཁྲིད་འོག་ལུ་ ཕུགས་གཟིགས་ཅན་གྱི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གསར་བཏོད་གནང་མིའི་ དམིགས་གཏད་དེ་ འབྲུག་གི་ལམ་སྲོལ་ཅན་གྱི་ བརྩི་མཐོང་ཚུ་ རྒྱལ་སྤྱིའི་ནང་ ངོས་ལེན་ཡོད་པའི་ ཁྲིམས་དོན་སྒྲིག་བཀོད་དང་ དེང་དུས་ཀྱི་བཟོ་བཀོད་དང་ འཕྲུལ་རིག་ཐོག་ལས་ གཞི་སྒྱུར་ཅན་གྱི་དཔེ་ཚད་ཁར་ བསྒྱུར་ནི་ཨིན་མི་ལུ་ བསྟོད་བསྔགས་ཕུལ་ཡོདཔ་ད་ ཁྲོམ་ཚོགས་ནང་འཁོད་ཀྱི་ དཔལ་འབྱོར་གྱི་ ས་གོ་ཚུ་ནང་ མ་རྩ་གཞི་བཙུགས་ཀྱི་ གོ་སྐབས་ཡོད་མི་ལུ་ཡང་ ངལ་རངས་ཡོད་ལུགས་ཚུ་ཞུ་ནུག།
མི་དབང་མཆོག་གིས་ ཝེཊ་ནམ་གྱི་ ཡ་མཚན་ཆེ་བའི་ མི་སྡེ་དཔལ་འབྱོར་གོང་ཕེལ་དང་ ཡུན་བརྟན་ མི་སེར་ཚུ་གི་ གསར་བཏོད་ཁྱད་ཆོས་ དེ་ལས་ དེང་དུས་དང་མཐུན་པའི་ འགྱུར་ཁྱད་ཅན་གྱི་ མདུན་ལམ་ཚུ་ལུ་ ཐུགས་ངལ་རངས་ཡོད་ལུགས་ གསུངས་གནང་ཡོདཔ་མ་ཚད་ ཝེཊ་ནམ་རྒྱལ་ཁབ་དེ་ ལུང་ཕྱོགས་ནང་ གོང་འཕེལ་མགྱོགས་དྲགས་སྦེ་འགྱོ་མི་ རྒྱལ་ཁབ་ལུ་ འགྱུར་ཡོད་མི་དང་ བཟོ་བཏོན་གྱི་ས་ཁོངས་ ཕྱུག་ཤོས་འགྱོ་མི་དང་འབྲེལ་ཏེ་ ཝེཊ་ནམ་གྱི་ དབུ་ཁྲིད་ལུ་ བསྟོད་བསྔགས་མཛད་ཡོདཔ་ཨིན་པས།.
རྒྱལ་ཁབ་ ༢ ཀྱི་ དབུ་ཁྲིད་ཀྱི་བར་ན་ སྲིད་འབྲེལ་མཐུན་ལམ་གོང་འཕེལ་དང་ ཆེ་མཐོའི་གནས་རིམ་གྱི་ གཟིགས་སྐོར་དང་འབྲེལ་ ལྷན་ཁག་དང་ ལས་སྡེ་ཚུ་གི་བར་ན་ གནས་རིམ་མ་འདྲ་བའི་ སྡེ་ཚན་བརྗེ་སོར་དང་ མི་སེར་དང་ མི་སེར་གྱི་བར་ན་ འབྲེལ་དོན་གོང་འཕེལ་ཚུ་ གཏང་གནང་ནི་ལུ་ཡང་ ཞལ་འཆམ་བྱུང་ནུག།
ཝེཊ་ནམ་དང་ འབྲུག་གི་བར་ན་ ཆོས་དོན་ལམ་སྲོལ་ཚུ་ གཅིག་མཚུངས་ཡོད་མི་དང་འབྲེལ་ཏེ་ ལམ་སྲོལ་དང་ ཆོས་དོན་བརྗེ་སོར་དང་ མཉམ་འབྲེལ་ལུ་ཡང་ ཞལ་འཆམ་བྱུང་ཡོདཔ་ད་ གཞུང་འབྲེལ་དང་ གཞུང་དོན་སྡེ་ཚན་བརྗེ་སོར་ ཆོས་དོན་མཁས་མཆོག་བརྗེ་སོར་ ནང་པའི་ཤེས་ཡོན་ཅན་གྱི་ དགེ་སློང་དང་ ཉམས་ལེན་པ་ཚུ་བརྗེ་སོར་ མཉམ་འབྲེལ་ཆོས་དོན་ལས་རིམ་ སྒོམ་རྐྱབ་ནི་དང་ མཚམས་བཅད་ནི་ བསླབ་སྟོན་འབད་ནི་ དངོས་ཅན་དང་ དངོས་མེད་ལམ་སྲོལ་ ཉམས་སྲུང་ སྲུང་སྐྱོབ་དང་ གོང་འཕེལ་ དེ་ལས་ འགྲེམ་སྟོན་ཁང་དང་ ཐོ་གཞུང་མཉམ་འབྲེལ་ འཆམ་དང་ ཟློས་གར་རིག་པ་ བཟའ་འཐུང་ ལམ་སྲོལ་ཅན་གྱི་ ཤེས་ཡོན་ལས་རིམ་ཚུ་ནང་ མཉམ་འབྲེལ་འབད་ནི་ལུ་ཡང་ ཞལ་འཆམ་བྱུང་ཡོདཔ་ཨིན་པས།
དེ་ལས་ འབྲུག་དང་ ཝེཊ་ནམ་གྱི་བར་ན་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ ཡར་དྲག་གི་དོན་ལུ་ ཁྲལ་གཉིས་ལྡབ་བཀག་ཐབས་ཀྱི་ ཆིངས་ཡིག་དང་ མ་རྩ་གཞི་བཙུགས་ གོང་འཕེལ་དང་ ཉེན་སྲུང་གི་ ཆིངས་ཡིག་ཚུ་ལུ་ཡང་ གསུང་གྲོས་གནང་ནི་གི་ ཐུགས་འདོད་ཡོདཔ་སྦེ་བཀོད་ནུག།
འབྲུག་གི་ཁ་ཐུག་ལས་ ཝེཊ་ནམ་གྱིས་ འབྲུག་ལུ་ ཐད་ཀར་གྱི་ མ་རྩ་གཞི་བཙུགས་ཚུ་འབད་མི་ལུ་ ངལ་རངས་ཡོད་ལུགས་དང་ ད་ལས་ཕར་ཡང་ འབྲུག་དང་ དགེ་ལེགས་ཕུག་ དྲན་ཤེ་ཁྲོམ་ཚོགས་ནང་ མ་རྩ་གཞི་བཙུགས་ཚུ་ འཕྲོ་མཐུད་འབད་བའི་ རེ་བ་ཡོགས་ཚུ་ བཤད་ཡོདཔ་ཨིན་པས།
མཐུད་སྦྲེལ་ཡར་དྲག་དང་ མི་སེར་ཚུ་གི་བར་ན་ བརྗེ་སོར་གོང་འཕེལ་གྱི་དོན་ལུ་ ད་རེས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཁའ་འགྲུལ་ཞབས་ཏོག་ཆིངས་ཡིག་གི་ འགྲིག་ཆ་ཚུ་ བཟོ་བའི་བསྒང་ཡོད་མི་ལུ་ དབུ་ཁྲིད་ ༢ ཀྱིས་ ཐུགས་ངལ་རངས་ཡོད་ཟེར་ གསུངས་གནང་པའི་ཁར་ ཆིངས་ཡིག་དེ་ གང་མགྱོགས་ར་ མཇུག་བསྡུ་དགོ་པའི་ བཀའ་བསྐུལ་ཡང་གནང་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཝེཊ་ནམ་གྱི་ འགོ་ཁྲིདཔ་ཚུ་དང་ མི་སེར་ཚུ་གིས་ འབྲུག་གི་འཐུས་མི་སྡེ་ཚན་ལུ་ མགྲོན་སྐྱོང་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ ཝེཊ་ནམ་གྱི་ འགོ་ཁྲིདཔ་ཚུ་ འབྲུག་ལུ་ མགྲོན་བརྡ་ཡང་ གནང་ཡོད་པའི་གནས་ཚུལ།