ནིའུ་ཡོག་ལུ་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༥ ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ ནིའུ་ཡོག་གི་ ཁྲིམས་སྲུང་འགག་སྡེ་གིས་ འབད་བ་ཅིན་ ནུབ་ཕྱོགས་ནིའུ་ཡོག་ལུ་ བལྟ་བཤལ་པའི་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
དེ་ཡང་ ཡུ་ཨེཛ་དང་ ཀེ་ན་ཌའི་ས་མཚམས་ ནི་ཡ་ག་ར་ ཕཱོལ་ཟེར་ས་ལས་ ནིའུ་ཡོག་ཁྲོམ་སྡེའི་ནང་ ལོག་པའི་སྐབས་ལུ་ བྱུང་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་བཱཛ་དེ་ནང་ རྒྱ་གར་དང་ རྒྱ་ནག་ ཕི་ལི་པིན་ རྒྱལ་ཁབ་ཁག་གི་ བལྟ་བཤལཔ་ཚུ་ཡོདཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ གསལ་བཤད་འབད་ནུག།
སྣུམ་འཁོར་བཱཛ་དེ་ནང་ སྐྱེས་ལོ་ ༡ ལས་ ༧༤ གི་བར་ན་འབད་མི་ འགྲུལ་པ་ ༥༢ སྡོད་ཡོདཔ་ད་ དེ་སྦེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ འགྲུལ་པ་ལ་ལོ་ཅིག་ ཕྱི་ཁར་བཏོན་བཏང་ཡོད་རུང་ འགྲུལ་པ་ལ་ལོ་ཅིག་ དུས་ཡུན་ལེ་ཤ་ཅིག་གི་རིང་ལུ་ ཆག་དཀྲུམས་འབད་མི་ རག་རོའི་ནང་ ལུས་སོང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ ཐུག་རྐྱེན་དེ་ དེད་གཡོགཔ་གིས་ སྣང་མེད་ལུ་བརྟེན་ཏེ་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ རྨ་སྐྱོན་བྱུང་མི་ཚུ་ ཉེ་འདབས་ཀྱི་ སྨན་ཁང་ཚུ་ནང་ བསྐྱལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: