
རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ལི་ཇི་མི་ཡུང་མཆོག་ རྒྱ་པཱན་ལུ་ བྱོན་ཡོདཔ་བཞིན་དུ་ རྒྱ་པཱན་གྱི་བློན་ཆེན་ ཤི་གེ་རུ་ ཨི་ཤི་བཱ་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ ཉེན་སྲུང་མཉམ་འབྲེལ་གྱི་སྐོར་ལས་ དབུ་ཁྲིད་ཞལ་འཛོམས་ཅིག་ ཚོགས་གནང་ནག།
དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་དང་ མཇལ་ཕྲད་མ་མཛད་པའི་ཧེ་མར་ རྒྱ་པཱན་ལུ་ བྱོན་ཡོདཔ་ད་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ལི་ཇི་མི་ཡུང་མཆོག་གིས་ གཞུང་སྐྱོང་འགོ་བཙུགས་པའི་ཤུལ་ལས་ རྒྱ་པཱན་ལུ་ བྱོན་མི་དེ་ འགོ་དང་པ་ཨིན་པས།
དེ་བསྒང་ རྒྱལ་ཁབ་ ༢ ཀྱི་ ཟུང་ཕྱོགས་མཐུན་འབྲེལ་དང་ ལྷོ་ཀོ་རི་ཡ་དང་ རྒྱ་པཱན་ ཡུ་ཨེཛ་བཅས་ཀྱི་ ཉེན་སྲུང་མཉམ་འབྲེལ་ བཙན་ཐབས་ཀྱི་སྐོར་ལས་ཡང་ གསུང་གྲོས་ཚུ་གནང་ནུག།
འདས་པའི་བདུན་ཕྲག་ནང་ རྒྱ་པཱན་གྱི་ དཔོན་ཁག་ཚུ་ ཊོ་ཀི་ཡོ་ལུ་ འཛམ་གླིང་དམག་ཆེན་ ༢ པའི་ དྲན་རྟེན་སྦེ་བཞག་མི་ ལྷ་ཁང་ཅིག་ནང་ སོང་ཡོདཔ་ད་ ལྷ་ཁང་དེ་ ལྷོ་ཀོ་རི་ཡའི་ ཁ་ཐུག་ལས་ རྒྱ་པཱན་གྱིས་ དྲག་ཐོག་དབང་བཙོང་གི་ བརྡ་རྟགས་བཟུམ་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན་པས།
ཨིན་རུང་ ལྷོ་ཀོ་རི་ཡའི་ སྲིད་འཛིན་གྱིས་ རྒྱ་པཱན་དང་གཅིག་ཁར་ མཐུན་ལམ་དམ་ཟབ་ བཞག་དགོཔ་དེ་ གལ་ཆེཝ་སྦེ་ བརྩི་དོ་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་ ༦ པའི་ནང་ ཀེ་ན་ཌ་ལུ་ སྡེ་ཚན་བདུན་ཟེར་མི་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ ཞལ་འཛོམས་ཚོགས་པའི་སྐབས་ལུ་ཡང་ ལྷོ་ཀོ་རི་ཡའི་ སྲིད་འཛིན་གྱིས་ རྒྱ་པཱན་གྱི་ བློན་ཆེན་ལུ་ བསམ་འཆར་ཚུ་ དེ་སྦེ་ར་ གསལ་བཤད་འབད་ནུག། རྒྱལ་ཁབ་ ༢ ཀྱི་བར་ན་ བྱ་སྟབས་མ་བདེ་བའི་ གནས་སྟངས་ཡོད་རུང་ རྒྱལ་ཁབ་གཉིས་ཆ་ར་གིས་ ལུང་ཕྱོགས་ནང་ རྒྱ་ནག་གིས་ ཤན་ཞུགས་བཀག་ཐབས་ལུ་ ཡུ་ཨེཛ་ལུ་ར་ རེ་དགོཔ་ཐོན་ཏེ་ཡོདཔ་ལས་ རྒྱལ་ཁབ་ ༢ ཀྱི་ནང་ ཡུ་ཨེཛ་གི་ ཕྱད་མདའི་གྲུ་ཟིང་དང་ གནམ་གྲུ་ཚུ་དང་སྦྲགས་ཏེ་ དམག་མི་ ༨༠,༠༠༠ དེ་ཅིག་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།