རྒྱ་ནག་གི་ ཨམ་སྲུ་ཅིག་གིས་ རྨག་པའི་མགོ་སྐོར་བཀག་ཐབས་ལུ་ ཚ་བོའི་སློབ་སྦྱོང་གི་འཐུས་ ལག་ལེན་འཐབ་སྟེ་ གཉེར་མའི་སྨན་བཅོས།

ཨེན་ཌི་ཊི་ཝི།

རྒྱ་ནག་གི་ ཨམ་སྲུ་ཅིག་གིས་ རྒྱ་ནག་གི་ཏི་རུ་ ཡཱོན་ ༦༢,༠༠༠ འབདཝ་ད་ རྒྱ་གར་གྱི་ཪུ་པི་ ཧ་ལམ་འབུམ ༧.༥ དེ་ཅིག་གི་རྩིས་ གཉེར་མ་མེདཔ་བཟོ་ནི་གི་ སྨན་བཅོས་ཀྱི་དོན་ལུ་ ཟད་འགྲོ་བཏང་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ རྒྱ་ནག་གི་གསར་ཤོག་ ཨེཛ་སི་ཨེམ་པི་ནང་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ མོ་ལུ་ སྨན་བཅོས་དེ་གིས་ ཁ་རྗེ་ངན་པ་དང་ རྨག་པ་གིས་ མགོ་སྐོར་རྐྱབ་ནི་ལས་ བཀག་ཚུགས་ནི་ཨིན་པའི་ ཡིད་ཆེས་བསྐྱེད་བཅུག་པའི་ཤུལ་ལུ་ སྨན་བཅོས་འབད་ཡོདཔ་སྦེ་བཤད་ནུག

ཧེ་ནན་མངའ་སྡེ་ལས་ ཨམ་སྲུ་ཙུའི་ཟེར་མི་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་ར་ སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ སྨན་བཅོས་ལྟེ་བར་འགྱོཝ་ད་ སྨན་བཅོས་ལྟེ་བའི་ ཇོ་བདག་དང་ ཚོང་མགྲོན་པ་ཅིག་གིས་ པགས་ཀོའི་གཤག་བཅོས་ཁང་གི་ སྦོ་ལོགས་ཁར་ཁྱིད་དེ་ མཛེས་ཆའི་སྨན་བཅོས་འབད་དགོ་པའི་ ནན་སྐུལ་འབདཡི་ཟེར་ཨིན་པས།

སྨན་ཁང་ནང་ གྲོས་བསྟུན་འབད་བའི་སྐབས་ལུ་ མོ་གི་གདོང་གུ་ གཉེར་མ་ལེ་ཤ་ཡོད་ནི་དེ་གིས་ མོ་གི་མི་ཚེ་ནང་ ཁ་རྗེ་ངན་པ་ འབྱུང་སྲིད་ནི་ཨིནམ་སྦེ་ བཤད་པའི་ཁར་ གཤག་བཅོས་མཁས་མཆོག་གིས་ཡང་ མོ་གི་མིག་གཉེར་དང་ མིག་ཏོའི་མཐའ་འཁོར་ལུ་ ཐིག་ཕྲངམ་སྦེ་ཡོད་མི་ཚུ་ མོ་གི་རྨག་པ་གིས་ མོ་ལུ་མགོ་སྐོར་རྐྱབ་དོ་ཡོད་པའི་ བརྡ་མཚོན་སྟོནམ་ལས་ མོ་གི་བརྩེ་གདུང་གི་ མཐུན་ལམ་ལུ་ ཐོ་ཕོག་ནི་ཨིན་པའི་ གསལ་བཤད་འབད་ནུག།

དེ་ལས་ ནེ་ཅིག་གི་བར་ན་ ལས་བྱེདཔ་ཚུ་གིས་ མོ་གི་འགྲུལ་འཕྲིན་ལེན་འབག་སྟེ་ དངུལ་སྤྲོད་ནི་གི་ ཨང་རྟགས་ཚུ་ པར་ལེན་འབད་ཞིནམ་ལས་ གསང་ཡིག་བཙུགས་དགོཔ་སྦེ་ སླབ་པའི་ཤུལ་ལུ་ མོ་གི་ཚ་བོའི་ སློབ་སྦྱོང་གི་ འཐུས་ཚུ་རྩིས་ཏེ་ གསོག་འཇོག་འབད་མི་ ཏི་རུ་ཚུ་ མོ་གི་རྩིས་ཁྲའི་ནང་ལས་ ཡཱོན་ ༦༢.༠༠༠ བཏོན་ཡོདཔ་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: