
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༢༩ ལུ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ བཀོད་ཁྱབ་ལྷན་ཚོགས་ཀྱི་འགོ་འཛིན་ ཨུར་སུ་ལ་ ཝཱོན་ཌར་ལེ་ཡེན་གྱིས་ སྤྱི་ཟླ་ ༧ པའི་ནང་ལས་ འགོ་བཟུང་སྟེ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་ གནོད་འཚུབ་སྦོམ་བཀལ་ཏེ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འཐུས་ཚབ་ཀྱི་ ཡིག་ཚང་ཡང་ མེདཔ་བཏང་ཡོད་པའི་སྐོར་ལས་ ཁོང་ཁྲོ་ཅན་གྱི་ ལོ་རྒྱུས་ཚུ་བཤད་ནུག།
ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉུང་མཐའ་ཡང་ ཨ་ལོ་ ༤ བརྩིས་ཏེ་ མི་གྲངས་ ༢༣ དེ་ཅིག་ དམར་བསད་དང་ ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ སྡོད་ཁྱིམ་ཐོག་ཚད་ ༥ འབད་མི་ ༡ དང་ དེ་གི་ཉེ་འདབས་ལུ་ཡོད་མི་ བི་རི་ཊིཤ་ ཀ་འུན་སིལ་གྱི་ སྒྲིང་ཁྱིམ་དེ་ཡང་ མེདཔ་བཏང་ནུད་ཟེར་ཨིན་པས།
ཝཱོན་ཌར་ལེ་ཡེན་གྱིས་ བཙན་ཚིག་ཅན་གྱི་ བརྗོད་དོན་ནང་ ར་ཤི་ཡའི་ མི་ཛ་ཡེལ་ཚུ་ འཐུས་ཚབ་ཡིག་ཚང་གི་མཐའ་སྐོར་ལུ་ ཕོག་ཡོདཔ་ད་ དེ་ཡང་ མི་ཛ་ཡེལ་ ༢ སེ་གོལ་ ༢༠ གི་ ནང་འཁོད་ལུ་ར་ གཅིག་ཤུལ་གཉིས་ཤུལ་སྦེ་ འཐུས་ཚབ་ཡིག་ཚང་ལས་ མི་ཊར་ ༥༠ གི་ས་ཁར་ ཕོག་ཡོདཔ་སྦེ་བཀོད་ནུག།
ར་ཤི་ཡ་གིས་ གོ་མཚོན་ཌྲཱོན་ ༦༠༠ དེ་ཅིག་དང་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ ༣༠ ལྷགཔ་ཅིག་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་མི་དེ་ སྤྱི་ཟླ་འདི་ནང་ གནོད་འཚུབ་ཆེ་ཤོས་ཅིག་ཨིན་ཟེར་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ བཤད་ཡོདཔ་ཨིན་པས།
ཡུ་ཀེ་རེན་གྱིས་ མཐུན་འབྲེལ་ཅན་གྱི་ ཡུ་རོབ་རྒྱལ་ཁབ་ཚུ་དང་གཅིག་ཁར་ ཞི་བདེའི་འགྲིག་ཆའི་ནང་ མ་འོངས་པར་ ར་ཤི་ཡའི་ གནོད་འཚུབ་ཚུ་ བཟློག་ཐབས་ལུ་ འགན་ལེན་ཚུ་ ཚུད་དགོ་པའི་སྐོར་ལས་ཡང་ ལོ་རྒྱུས་ཚུ་ སླབ་པའི་བསྒང་ཡོདཔ་སྦེ་བཀོད་ནུག།
ར་ཤི་ཡ་གིས་ ཡུ་རོབ་ཀྱི་ དམག་མི་ཚུ་ ཕྱད་མདའི་ས་ཁོངས་ནང་ གཏང་པ་ཅིན་ ངོས་ལན་མི་འབད་ཟེར་ཨིནམ་ད་ ར་ཤི་ཡ་གིས་ གྲལ་གཏོགས་མ་འབད་མི་ གསུང་གྲོས་ཚུ་ལུ་ མདུན་ལམ་ག་ནི་ཡང་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1432178
Views Today :
Total views : 5000
Who's Online :