
པདྨ་དབང་འདུས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ རྡོར་གདན་བཀྲིས་སྒོ་མང་མཆོད་རྟེན་ གཞི་ཚོགས་ཀྱི་ཁྲི་འཛིན་ བླམ་ཚེ་རིང་དབང་འདུས་མཆོག་གིས་ གསལ་བསྒྲགས་ཅིག་ནང་ བཀོད་གནང་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ བྱིན་ལྡན་མཆོད་རྟེན་ བཞེངས་དགོ་པའི་སྐོར་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་མི་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱབ་སྣོན་གཟེངས་བསྟོད་གནང་མི་ལུ་ ག་ནི་བ་ སྐལ་བ་བཟང་ཡི་ཟེར་ཨིན་པས།
དེ་འབདཝ་ད་ མཆོད་རྟེན་དེ་གི་སྦོམ་ཚད་དང་ ཁྱད་ཆོས་ཚུ་ ག་ནི་བ་ཡང་རྒྱ་ཆེཝ་ལས་ དུས་ཚོད་ཁར་ བསྒྲུབ་ནིའི་དོན་ལུ་ མ་དངུལ་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ར་ དགོ་ནི་ཨིན་པས་ཟེར་ བཀོད་གནང་ནུག།
ཨིན་རུང་ འབྲུག་པའི་མི་སེར་ཆེ་འབྲིང་ཆུང་ ༣ ལེ་ཤ་ཅིག་གིས་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ བླམ་མཆོག་གི་ སྐུ་མདུན་ལུ་བཅར་ཏེ་ རྡོར་གདན་བཀྲིས་སྒོ་མང་མཆོད་རྟེན་བཞེངས་ནི་དེ་ རྒྱལ་ཡོངས་ཀྱི་ འཆར་སྣང་ཅིག་ཨིན་པའི་ཁར་ དེ་བཟུམ་མའི་ མཆོད་རྟེན་དེ་ འགྲོ་བ་མིའི་ཚོགས་བསགས་སྒྲིབ་སྦྱོང་གི་ གཞི་རྟེན་གལ་ཅན་ཅིག་ལུ་འགྱུར་ཏེ་ ནང་པ་སངས་རྒྱས་པའི་ཆོས་ལུགས་ དར་རྒྱས་སུ་སྤེལ་ནི་ལུ་ཡང་ ཁེ་ཕན་ཆེ་ནི་ཨིནམ་ལས་ ཞལ་འདེབས་རེ་ ཕུལ་ནི་གི་ གོ་སྐབས་གནང་དགོ་པའི་ ཞུ་བ་ཕུལ་ཡི་ཟེར་ཨིན་པས།
དེ་མ་ཚད་ འབྲུག་གི་རྒྱལ་ས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ ག་ནི་བ་དཀོན་པའི་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་བཞེངས་གནང་པའི་སྐབས་ལུ་ མི་སེར་ཚུ་གི་ཁ་ཐུག་ལས་ ཞལ་འདེབས་ག་ནི་ཡང་ ཕུལ་མ་ཚུགས་ནི་དེ་གིས་ འབྲུག་པའི་མི་སེར་ཚུ་ སེམས་ཕམ་ཡོད་ལུགས་ཚུ་ཡང་ཞུ་ནུག།
དེ་འབདཝ་ལས་ རྡོར་གདན་བཀྲིས་སྒོ་མང་མཆོད་རྟེན་ གཞི་ཚོགས་ཀྱི་ཁ་ཐུག་ལས་ དམ་པའི་ཆོས་ཀྱི་དོན་ལུ་ ཁེ་ཕན་སྦོམ་ཡོད་པའི་ ཞལ་འདེབས་ཨ་ཙི་རེ་ ཕུལ་ནི་གི་ གོ་སྐབས་དེ་ ལྷག་བསམ་རྣམ་དག་གི་ རེ་སྨོན་དང་བཅསཔ་སྦེ་ གནང་པའི་ནང་ལས་ཡང་ དམིགས་བསལ་གྱིས་ ཞལ་འདེབས་ཕུལ་མི་ཚུ་ལུ་ མ་འོངས་མི་རབས་ཚུ་གིས་ སྨོན་ལམ་ལུ་བརྟེན་པའི་ ཚོགས་བསགས་སྒྲིབ་སྦྱང་གི་ ཕན་ཡོན་ཚད་མེད་ཀྱི་སྒོ་ལས་ ཞིང་ཁམས་མ་འདྲཝ་ཚུ་ནང་ སྒྲ་སྒྲོགས་ནི་གི་ གཞི་ལུ་འགྱུར་ནི་ཨིན་པས།
མཆོད་རྟེན་དེ་ནང་ སཚྪ་ས་ཡ་ ༡༠༠ དང་ རྡོ་བརྐོ་ཕྱག་ན་རྡོ་རྗེའི་སྐུ་འདྲ་ ༡༠༠,༠༠༠ དང་བཅས་པའི་ གཟུངས་ཞུགས་ཚུ་ ཕུལ་ནི་ཨིནམ་ལས་ གལ་སྲིད་ ཆོས་དོན་དྲན་རྟེན་དེ་ལུ་ རང་སོའི་ལྕོགས་གྲུབ་དང་བསྟུན་པའི་ ཞལ་འདེབས་དང་ སྟེགས་གསོ་ཚུ་ ཚད་གཞི་མ་འདྲ་བའི་སྒོ་ལས་ ཕུལ་ཚུགས་ནི་དང་ གནས་སྐབས་ཅིག་གི་དོན་ལས་ སཚྪ་རེ་ལུ་ གོང་ཚད་དངུལ་ཀྲམ་ ༢༥ རེ་དང་ ཕྱག་ན་རྡོ་རྗེའི་སྐུ་རེ་ལུ་ དངུལ་ཀྲམ་ ༨,༥༠༠ རེ་སྦེ་ བཀོད་དེ་ཡོདཔ་བཞིན་དུ་ སཚྪ་དང་ སྐུ་འདྲ་དེ་ཚུ་ རང་སོའི་ཐུགས་འདོད་དང་ ལྕོགས་གྲུབ་ལུ་ གཞི་བརྟེན་ཐོག་ལས་ ཞལ་འདེབས་ཕུལ་གནང་ཟེར་ བཀོད་གནང་ནུག།
ཞལ་འདེབས་ཚུ་ཡང་ དྭངས་གསལ་དང་ འགན་འཁྲིའི་དོན་ལུ་ ལས་འགུལ་གྱི་སྦྱིན་བདག་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་དང་ ཡང་ན་ ཁྲི་འཛིན་ ཡང་ན་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ རྒྱུན་སྐྱོང་རྩིས་ཁྲ་ཨང་ ༦༤༢༠༤༦༨༩༢ དང་ འབྲུག་གི་དངུལ་ཁང་ནང་ རྩིས་ཁྲ་ཨང་ ༢༢༢༦༠༡༦༨༠ གི་ནང་ ཐད་ཀར་དུ་ བཙུགས་གནང་ཟེར་ཨིནམ་ད་ རྩིས་ཁྲ་དེ་ཡང་ རྒྱལ་ཁམས་ཀྱི་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ བལྟ་རྟོག་འོག་ལུ་ མཉམ་འབྲེལ་མིང་རྟགས་བཀོད་དགོ་པའི་ རྩིས་ཁྲ་ཨིན་ཟེར་ བཀོད་ཡོདཔ་ཨིན་པས།
རྒྱལ་སྤྱིའི་ཚད་གཞི་ཁར་ ཆོས་ཀྱི་གནད་དོན་སྒྲུབ་ནི་ལུ་ རང་སོའི་ལས་ཀྱིས་ བསྐྱོད་ཐོག་ལས་ ང་བཅས་ཆ་ཁྱབ་ག་ར་ མཉམ་གཅིག་འཛོམས་ཏེ་ ཕན་གྲོགས་འབད་ཚུགས་པའི་ ཡིད་ཆེས་ཐོག་ལུ་ ལས་འགུལ་དེ་ དད་དམ་ཅན་གྱི་ ཕན་འདེབས་འབད་མི་རེ་རེ་གིས་མཚོན་པའི་ མི་རབས་གཅིག་ལས་ གསོལ་རས་བཟུམ་ཅིག་སྦེ་ མ་འོངས་མི་རབས་ཚུ་གི་ ཆོས་དོན་གྱི་ རེ་བ་བསྐང་ནི་དང་ ཁེ་ཕན་དར་ཁྱབ་ཀྱི་ རྒྱུར་གྱུར་ཅིག་ཟེར་ བཀོད་གནང་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1432866
Views Today :
Total views : 5000
Who's Online :