པ་ཀིཛ་ཏཱན་ལུ་ རང་སྲོག་བཅད་ཐོག་ལས་ རྫས་བམ་འགས་བཅུག་མིའི་ནང་ མི་གྲངས་ ༡༣ ལུ་ ཤི་རྐྱེན་དང་ ༣༠ ལུ་རྨ་སྐྱོན།

ཨེ་བི་སི།

སྤྱི་ཟླ་ ༩ པའི་ཚེས་ ༢ ཀྱི་ཕྱི་རོ་ པཱ་ཀིཛ་ཏཱན་གྱི་ རྩེད་ཐང་ཅིག་ནང་ རྒྱལ་ཡོངས་སྲིད་ཚོགས་ཅིག་ལུ་ རྒྱབ་སྐྱོར་འབད་མི་ཚུ་གི་བ་ན་ འཛོམས་འདུ་ཅིག་ ཚོགས་སྡོདཔ་ད་ མི་ཅིག་གིས་ རང་སྲོག་བཅད་ཐོག་ལས་ རྫས་བམ་འགས་བཅུག་པའི་ རྐྱེན་ངན་ནང་ མི་གྲངས་ ༡༣ ལུ་ ཤི་རྐྱེན་དང་ ༣༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།

དེ་ཡང་ ས་གནས་ཀྱི་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ བཱ་ལོ་ཅིཛ་ཏཱན་ མངའ་སྡེའི་རྒྱལ་ས་ ཀུ་ཝེཊ་ཊ་ རྩེད་ཐང་གི་ ཉེ་འདབས་ལུ་ཡོད་མི་ དུར་ཁྲོད་ཅིག་གི་སྦོ་ལོགས་ཁར་ བྱུང་ནུག་ཟེར་ཨིནམ་ད་ ས་གནས་དེ་ཁ་ལས་ གནོད་འཚུབ་བཀལ་མིའི་ གཟུགས་ཀྱི་ཡན་ལག་ཚུ་ཡང་ ཐོབ་ཡོདཔ་ཨིན་པས།

འཛོམས་འདུ་དེ་ རྒྱལ་ཁབ་ཀྱི་ འགོ་ཁྲིདཔ་བགྲེསཔ་དང་ མངའ་སྡེའི་གཙོ་འཛིན་བློན་པོ་བགྲེསཔ་ སར་དར་ཨ་ཏའུ་ལཱ་ མེང་གཱལ་གྱོངས་པའི་ དུས་དྲན་བརྩི་སྲུང་གི་དོན་ལུ་ འགོ་འདྲེན་འཐབ་ནུག།

བཱ་ལོ་ཅིཛ་ཏཱན་མངའ་སྡེའི་ གཙོ་འཛིན་བློན་པོ་ སར་ཕ་རཱཛ་ བུག་ཏི་གིས་ དེ་བཟུམ་མའི་ བྱ་ངན་འབད་མི་དེ་ འཇིགས་སྣང་ཅན་གྱི་ བྱ་སྤྱོད་ཅིག་ཨིནམ་ལས་ ཡངས་ཆག་མེད་པའི་ ཉེས་བྱ་བཀལ་དགོ་པའི་ཁར་ རྨ་སྐྱོན་བྱུང་མི་ཚུ་ལུ་ཡང་ སྨན་བཅོས་གང་དྲག་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།

ཨིཛ་ལ་མ་བཱད་ལུ་ ནང་སྲིད་བློན་པོ་ མོ་སིན་ ནག་ཝི་གིས་ཡང་ མི་སེར་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ རྒྱལ་ཁབ་དེ་ བརྟན་ཏོག་ཏོ་མེདཔ་ བཟོ་ནི་གི་ དཔའ་བཅམ་མི་ལུ་ ཉེས་ཁྲིམས་དམ་དྲགས་སྦེ་ བཀལ་དགོ་པའི་སྐོར་ལས་ གསལ་བཤད་འབད་ནུག།

འདས་པའི་ཟླཝ་ཚུ་ནང་ པཱ་ཀིཛ་ཏཱན་གཞུང་གིས་ རང་དབང་རྩོད་ལེན་པ་ པཱ་ཀིཛ་ཏཱན་གྱི་ ཏཱ་ལི་བཱན་དང་ བཱ་ལོཆ་གཉིས་ལུ་ རྒྱ་གར་གྱིས་ རྒྱབ་སྐྱོར་འབད་བའི་ ཉེས་འཛུགས་བཀལ་ཡོད་རུང་ རྒྱ་གར་གྱི་ ཁ་ཐུག་ལས་ ངོས་ལེན་འབད་མ་བཏུབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: