རྒྱ་གར་པཱན་ཇབ་མངའ་སྡེའི་ནང་ ཆུ་རུད་ཀྱིས་ མི་གྲངས་ ༣༠ ལུ་ཤི་རྐྱེན།

བི་བི་སི།

རྒྱ་གར་གྱི་ བྱང་ཕྱོགས་མངའ་སྡེ་ པཱན་ཇབ་ལུ་ ཆརཔ་ཤུགས་སྦེ་ རྐྱབ་པའི་ཁར་ ཆུ་རུད་ཡང་ ཐོན་མི་ལུ་བརྟེན་ཏེ་ མི་གྲངས་ ༣༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་ ༣༥༤,༠༠༠ ལྷགཔ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག།

དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ དབང་འཛིན་ཚུ་གིས་ མངའ་སྡེའི་རྫོང་ཁག་ ༢༣ ག་རའི་ནང་ ཆུ་རུད་ཐོན་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ་མ་ཚད་ གཙང་ཆུ་དང་ ཆུ་རྫིང་ཚུ་ཡང་ ཉེན་ཁ་ཅན་གྱི་ གནས་ཚད་ཁར་ ལྷོད་ནུག་ཟེར་ཨིན་པས།

ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་མི་ ས་ཁ་དམའ་ས་ལས་ མི་སེར་ ༢༠,༠༠༠ དེ་ཅིག་ ཉེན་མེད་ས་ཁོངས་ནང་ སྤོ་བཤུད་འབད་ཡོདཔ་ད་ གནོད་སྐྱོན་བྱུང་མི་ བཟའ་ཚང་ཚུ་ལུ་ སྡོད་སྒར་དང་ དགོས་མཁོ་ཆེ་བའི་ མཐུན་རྐྱེན་ཚུ་ཡང་ གྲོགས་རམ་ཐོག་ལས་ བྱིན་དོ་ཡོདཔ་སྦེ་བཀོད་ནུག།

པཱན་ཇབ་གཞུང་གིས་ སོ་ནམ་ས་ཞིང་ ཧེག་ཊར་ ༡༤༨,༠༠༠ དེ་ཅིག་ ཆུའི་འོག་ལུ་ བྱིང་སོངཔ་ལས་ ལོ་ཐོག་མང་རབས་ཅིག་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: