
རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ རྒྱ་ནག་གི་ གཞུང་འབྲེལ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཀེ་ན་ཌ་དང་ ཨཱཛ་ཊྲེ་ལི་ཡའི་ དམག་གྲུ་ ༢ ཏ་ཡེ་ཝཱན་ལུ་འཛུལ་ཞུགས་ཀྱི་ མཚོ་འགྲམ་བརྒྱུད་དེ་ འགྲུལ་བསྐྱོད་འབད་ནུག་ཟེར་ཨིན་པས།
དེ་ཡང་ ཀེ་ན་ཌའི་དམག་གྲུ་ ཝིལ་ཌེ་ཀུའི་བེག་དང་ ཨཱཛ་ཊྲེ་ལི་ཡའི་ མི་ཛ་ཡེལ་ བཟློག་ཐབས་དམག་གྲུ་ བི་རིཛ་བཱེན་ ༢ རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་ ས་མཚམས་རྒྱ་མཚོའི་ནང་ འཛུལ་ཞུགས་འབད་ཡོདཔ་སྦེ་བཀོད་ནུག།
ཨིན་རུང་ ཏ་ཡེ་ཝཱན་ སྲུང་སྐྱོབ་ལྷན་ཁག་གིས་ གནད་དོན་དེ་གི་སྐོར་ལས་ བསམ་འཆར་ག་ནི་ཡང་ སླབ་མི་ཚུགས་ཟེར་ བཤད་ཡོདཔ་ད་ དེ་བཟུམ་སྦེ་ ཀེ་ན་ཌ་དང་ ཨཱཛ་ཊྲེ་ལི་ཡའི་ དམག་སྡེ་ ༢ ཀྱིས་ཡང་ དྲི་བ་བཀོད་མི་ལུ་ ལན་གསལ་བཤད་མ་བཏུབ་ཨིན་པས།
དེ་འབདཝ་ད་ རྒྱ་ནག་དམག་སྡེ་གིས་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་སྟེ་ དམག་གྲུ་ ༢ མཚོ་འགྲམ་བརྒྱུད་དེ་ འགྲུལ་བསྐྱོད་མཇུག་མ་བསྡུ་ཚུན་ཚོད་ར་ གསང་ཞིབ་དང་ ལྟ་རྟོགས་འབད་ཡོདཔ་སྦེ་བཀོད་ནུག།
མ་གཞི་ ཡུ་ཨེཛ་དང་ ཡུ་ཨེཛ་གི་ མཐུན་འབྲེལ་རྒྱལ་ཁབ་ ཀེ་ན་ཌ་དང་ བི་རི་ཊེན་ ཕ་རཱནཛ་ཚུ་གི་ གྲུ་ཟིང་ཚུ་ འཕྲལ་འཕྲལ་སྦེ་ར་ མཚོ་འགྲམ་དེ་བརྒྱུད་དེ་ འགྲུལ་བསྐྱོད་འབད་དོ་ཡོདཔ་ད་ མཚོ་འགྲམ་དེ་ཡང་ ལོ་བསྟར་བཞིན་དུ་ ཟླཝ་ ༡ གི་རིང་ལུ་ རྒྱལ་སྤྱིའི་མཚོ་ལམ་སྦེ་ བརྩི་དོ་ཡོདཔ་ཨིན་པས།
མཚོ་འགྲམ་དེ་ ཏ་ཡེ་ཝཱན་གྱིས་ཡང་ རྒྱལ་སྤྱིའི་མཚོ་ལམ་སྦེ་ བརྩི་སྲོལ་ཡོད་རུང་ རྒྱ་ནག་གིས་ ཏ་ཡེ་ཝཱན་དེ་ རྒྱ་ནག་གི་ མངའ་ཁོངས་ལུ་ཨིནམ་སྦེ་བརྩི་སྟེ་ མཚོ་འགྲམ་དེ་གི་ ས་ཁོངས་ཚུ་ཡང་ རྒྱ་ནག་གི་ ཆ་ཤས་སྦེ་ བརྩི་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།