
མགོན་པོ་རྡོ་རྗེ།
ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་ཆེན་མོ་ གསར་བཞེངས་གནང་མིའི་སྐོར་ལས་ མི་མང་ཡོངས་ཀྱིས་ མཁྱེན་དགོཔ་འདི་ ག་ནི་བ་ གལ་ཆེ་བའི་ གནད་ལུ་བརྟེན་ཏེ་ རྒྱལ་སྤྱི་གསར་ཤོག་གི་ཧོངས་ལས་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་ཆེན་མོ་འདི་ གསར་བཞེངས་མཛད་ནི་ འགོ་མ་བཙུགས་པའི་ ཧེ་མ་ལས་ར་ བླམ་ཚེ་རིང་དབང་འདུས་མཆོག་གི་ ཕྱག་ཕྱིད་ཞུ་བཞིན་དུ་ཡོད་མི་ སློབ་དཔོན་འཇམ་དཔལ་གཅིག་ཁར་ དྲི་བ་དྲིས་ལན་ཅིག་འབད་ཡི།
སློབ་དཔོན་འཇམ་དཔལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ བླམ་ཚེ་རིང་དབང་འདུས་མཆོག་གིས་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་ཆེན་མོ་འདི་ གསར་བཞེངས་ཀྱི་དོན་ལས་ འཆར་གཞི་ཚུ་ བརྩམས་གནང་པའི་སྐབས་ལུ་ སིངྒ་པོར་ལས་ པི་ཊར་ཏིའུ་ཟེར་མི་གིས་ སྦྱིན་བདག་འབད་ནི་ཨིན་པའི་ ཁས་བླངས་ཕུལཝ་བཞིན་དུ་ ཁོ་གིས་ མ་དངུལ་ཚུ་ ཕུལ་ཐོག་ལས་ བླམ་ཚེ་རིང་དབང་འདུས་མཆོག་ ཉག་གཅིག་གིས་ གསར་བཞེངས་གནང་ཡོདཔ་ཨིནམ་ མི་མང་ག་ར་གིས་ མཁྱེན་གསལ་ཆེ་ཟེར་ཨིན་པས།
དེ་ཡང་ མོང་སྒར་ཆ་འདུས་ དགོངས་འདུས་རྒེད་འོག་ གཡུས་དག་ས་ལས་ དུས་ཅི་ དགུང་ལོ་ ༧༠ བཞེས་མི་ བླམ་ཚེ་རིང་དབང་འདུས་མཆོག་གིས་ སྤྱི་ལོ་ ༢༠༠༦ ལུ་ ས་བསླངས་རྟེན་འབྲེལ་མཛད་དེ་ ལོ་ངོ་ ༩ གི་ ནང་འཁོད་ལུ་ ཕྱི་བསྒྲུབས་ནང་བསྒྲུབས་ཀྱི་སྒོ་ལས་ སྤྱི་ལོ་ ༢༠༡༥ ལོར་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བཀྲ་ཤིས་རབ་གནས་ མཛད་གནངནུག།
དེ་སྦེ་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་ཆེན་མོ་འདི་ ཀུན་གསལ་ཕོ་བྲང་ལུ་ བཞེངས་དགོ་པའི་སྐོར་ལས་ སློབ་དཔོན་འཇམ་དཔལ་གྱིས་ ཧེ་མར་ གྲུབ་དབང་བླམ་བསོད་ནམས་བཟང་པོ་མཆོག་ ཐིམ་ཕུའི་རི་མགོ་ ཕ་ཇོ་ལྡིང་ལུ་བཞུགས་པའི་ དུས་སྐབས་ཅིག་ནང་ ཀུན་གསལ་ཕོ་བྲང་གི་ ས་གནས་དེ་ཁར་ སངས་རྒྱས་དང་ གུ་རུའི་སྐུ་འདྲ་གང་རུང་ཅིག་ བཞེངས་པ་ཅིན་ རྒྱལ་ཁབ་ནང་ བདེ་སྐྱིད་འབྱུང་ནི་ཨིན་པའི་ ལུང་བསྟན་དང་ ཤུལ་ལས་ སྐུ་འདྲ་བཞེངས་མི་ སྐྱེས་བུ་དམ་པ་ཅིག་ཡང་ འབྱོན་ནི་ཨིན་པའི་ མ་འོངས་ལུང་བསྟན་ཚུ་ གནང་ནུག་ཟེར་ བཤདཔ་ཨིན་པས།
ཀུན་གསལ་ཕོ་བྲང་ལུ་ གུ་རུའི་སྐུ་འདྲ་མ་བཞེངས་པར་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་བཞེངས་དགོ་པའི་ ར་ཁུངས་དང་ དགོས་པ་དེ་ཡང་ བླམ་ཚེ་རིང་དབང་འདུས་མཆོག་གིས་ སྟོན་པ་ཤཱཀྱ་ཐུབ་པ་དང་ གུ་རུའི་སྐུ་འདྲ་གང་རུང་ཅིག་ གསར་བཞེངས་ཀྱི་དོན་ལུ་ ལས་འཆར་ཚུ་ བརྩམས་གནང་ནི་དང་བསྟུན་ཏེ་ ཉིནམ་ཅིག་འབདཝ་ད་ ཤྲཱི་ལངྐའི་རྒྱལ་ཁབ་ལས་ ནང་པའི་བླམ་ ༢ སྐྱབས་རྗེ་རྗེ་མཁན་རིན་པོ་མཆོག་གི་ སྐུ་མདུན་ལུ་བཅརཝ་ད་ བླམ་རྣམ་ ༢ ཀྱིས་ འབྲུག་འདི་ ནང་པ་སངས་རྒྱས་པའི་ རྒྱལ་ཁབ་ཅིག་ཨིན་རུང་ ཕྱི་ཁ་ལས་ཕར་ སྟོན་པའི་སྐུ་འདྲ་ཅིག་ཡང་ མཐོང་སར་མེད་པའི་སྐོར་ལས་ བླམ་ ༢ ཀྱི་བར་ན་ ལོ་རྒྱུས་སླབ་མི་ཚུ་ སྐད་སྒྱུརཔ་དེ་གིས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ལུ་ སྙན་འབུལ་ཞུཝ་ལས་ སྟོན་པའི་སྐུ་འདྲ་བཞེངས་ནི་གི་ ཐུགས་ཐག་བཅད་གནང་སྟེ་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་ཆེན་མོ་འདི་ གསར་བཞེངས་མཛད་ཡོད་པའི་སྐོར་ལས་ཡང་ སློབ་དཔོན་འཇམ་དཔལ་གྱིས་ གསལ་བཤད་འབད་ཡི།
དེ་མ་ཚད་ དེ་བཟུམ་མའི་ ལས་འགུལ་སྦོམ་ཚུ་ འབྲུག་པའི་བླ་སློབ་དང་ མཁས་མཆོག་གཞན་ཚུ་གིས་ བསམ་བརྗོད་ལས་འདས་པའི་ ལས་འགུལ་ཅིག་ཨིན་པ་ལུ་བརྟེན་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བཞེངས་ནི་ཨིན་མི་ རྡོར་གདན་བཀྲ་ཤིས་སྒོ་མང་མཆོད་རྟེན་དེ་ཡང་ བཀའ་འབབ་ལུང་བསྟན་དང་ ཉམས་མྱོང་དང་འཁྲིལ་ཏེ་ བླམ་ཚེ་རིང་དབང་འདུས་མཆོག་གིས་ར་ གསར་བཞེངས་མཛད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ལས་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།





Users Today : 1380
Users Yesterday : 3320
This Month : 91824
This Year : 387790
Total Users : 1099606
Views Today : 2104
Total views : 3073164
Who's Online : 10