དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ སྐྱིན་འགྲུལ་ལོག་སྤྱོད་ཀྱི་ ཁ་ཉེས་བཀལ་མི་ལུ་ ཞིབ་དཔྱད་འབད་དགོ་པའི་བཀའ་ཤོག།

པདྨ་དབང་འདུས།
སྤྱི་ཟླ་ ༩ པའི་ཚེས་ ༡༠ ལུ་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ སྐྱིན་འགྲུལ་ལོག་སྤྱོད་ཀྱི་ ཁ་ཉེས་བཀལ་མི་ལུ་ ཞིབ་དཔྱད་འབད་དགོ་པའི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཀའ་ཤོག་ཅིག་ གནང་ཡོདཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ མི་སྡེ་བརྡ་བརྒྱུད་ཐོག་ལས་ གསོ་བའི་བློན་པོ་དང་ མི་རྗེ་བློན་ཆེན་ལུ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ སྐྱིན་འགྲུལ་ལོག་སྤྱོད་ཀྱི་ ཉེས་ཁ་བཀལ་མིའི་སྐོར་ལས་ ཞིབ་དཔྱད་མ་འབད་བར་ བཞག་པ་ཅིན་ མི་མང་གི་ ཡིད་ཆེས་ཉམས་ནི་དང་ རྒྱལ་སྤྱིའི་གནས་རིམ་ཁར་ ང་བཅས་རའི་ རྒྱལ་ཁབ་ལུ་ ཡིད་ཆེས་མེདཔ་འགྱོ་ནི་གི་ ཉེན་ཁ་ཡོདཔ་ཨིན་ཟེར་ བཀོད་གནང་ནུག།
དེ་འབདཝ་ལས་ མི་རྗེ་བློན་ཆེན་གྱིས་ གནད་དོན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བསྐྱར་ཞིབ་མཐིལ་ཕྱིན་འབད་དེ་ ཁ་ཉེས་བཀལ་ཡོད་མི་ ལོག་སྤྱོད་དང་ ངན་ལྷད་ཚུ་ ངེས་གཏན་སྦེ་ ལག་ལེན་འཐབ་ཡོད་མེད་ གཏན་འཁེལ་བཟོ་དགོ་པའི་ བཀོད་རྒྱ་ཨིན་ཟེར བཀོད་གནང་ཡོདཔ་ད་ གལ་སྲིད་ གསོ་བའི་བློན་པོ་དང་ མི་རྗེ་བློན་ཆེན་ ༢ ཀྱིས་ ཤན་ཞུགས་ཅན་གྱི་ བར་འཛུལ་འབད་བའི་ ནོར་འཁྲུལ་གྱི་ སྒྲུབ་བྱེད་གང་རུང་ འཐོན་པ་ཅིན་ བྱ་ངན་ལག་ལེན་འཐབ་མི་ཚུ་ལུ་ ཁྲིམས་རྩོད་འབད་དེ་ ཁྲིམས་མཐུན་གྱི་ ཉེས་བྱ་མཐོ་ཤོས་ བཀལ་དགོ་ཟེར་ཨིན་པས།
གལ་སྲིད་ ཞིབ་དཔྱད་འབདཝ་ད་ ཁ་ཉེས་ཚུ་ བདེན་ཁུངས་མེདཔ་ འཐོན་པ་ཅིན་ ལྷན་ཚོགས་ཀྱིས་ དེ་བཟུམ་མའི་ བརྡ་དོན་རྫུན་པ་ ཁྱབ་སྤེལ་འབད་མི་ཚུ་ ངོས་འཛིན་འབད་དེ་ འགན་འཁྲི་བཀལ་དགོཔ་སྦེ་ཡང་ བཀོད་གནང་འདུག་པའི་གནས་ཚུལ།

Please follow and like us: