དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ སྐྱིན་འགྲུལ་ལོག་སྤྱོད་ཀྱི་ ཁ་ཉེས་ལུ་ཞིབ་དཔྱད།

པདྨ་དབང་འདུས།
སྤྱི་ཟླ་ ༩ པའི་ཚེས་ ༡༠ ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ དྲག་ཤོས་པདྨ་ཚེ་དབང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་འཛིན་གྲོལ་ཚུ་ ལོག་སྤྱོད་ཐོག་ལས་ ལག་ལེན་འཐབ་ཡོད་པའི་ ཁ་ཉེས་ཀྱི་སྐོར་ལས་ ཞིབ་དཔྱད་འབད་དགོ་པའི་ ཡི་གུ་ཅིག་ གནང་ཡོདཔ་ཨིན་པས།
ཡི་གུ་དེ་ནང་ འབྲུག་རྒྱལ་ཡོངས་ཚོགས་འདུའི་ ལྡོག་ཕྱོགས་ཚོགས་པའི་ ཁྱད་ཚབ་ལུ་ ཞུ་ནི་ཨིན་མི་དེ་ཡང་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ སྐྱིན་འགྲུལ་ཚུ་ འཛིན་གྲོལ་འབད་བའི་སྐབས་ལུ་ ངན་ལྷད་ཞུགས་ཡོད་པའི་ ཁ་ཉེས་ཀྱི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རང་དབང་ཅན་གྱི་ ཞིབ་དཔྱད་མཐིལ་ཕྱིན་ཅིག་ འགོ་བཙུགས་གནང་ཟེར་བཀོད་ནུག།
དཔལ་འབྱོར་ལྷན་ཐབས་ལས་རིམ་དེ་ ང་བཅས་རའི་ དཔལ་འབྱོར་གྱི་ སྒྲིང་གཞི་བསྐྱར་གསོ་དང་ ཁེ་ལཱ་ཚུ་ལུ་རྒྱབ་སྐྱོར་ དེ་ལས་ འཚོ་བའི་གནས་སྟངས་ བསྐྱར་གསོ་ཚུ་གི་དོན་ལུ་ འགོ་བཙུགས་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ངོ་མིང་གསང་བྱའི་ཐོག་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ བཀོད་དེ་ཡོད་མི་དེ་ དར་ཁྱབ་འགྱོ་མིའི་ནང་ སྐྱིན་འགྲུལ་འཛིན་སྐྱོང་དང་འབྲེལ་ཏེ་ ལོག་སྤྱོད་དང་ ཉེ་རིང་ དྭངས་གསལ་མེད་པའི་ གནས་སྟངས་ཚུ་ཡོད་པའི་ ཚ་གྱང་ཚབས་ཆེན་སྦེ་ར་ ཐོན་ཡོདཔ་སྦེ་ཨིན་པས།
མ་གཞི་ གནད་དོན་དེ་ ངོ་མིང་གསང་བྱའི་ཐོག་ལས་ བཀོད་དེ་ཡོད་རུང་ ཆེད་དུ་བཀོད་པའི་ དོན་དག་ཚུ་གི་སྐོར་ལས་ མི་མང་ལུ་ ཚ་གྱང་ཅན་གྱི་ གཞི་ཅིག་འབདཝ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དམ་དམ་སྦེ་ར་ བརྟག་ཞིབ་འབད་དགོཔ་ཅིག་འདུག་ཟེར་ ཡི་གུའི་ནང་ བཀོད་གནང་ནུག།
དེ་མ་ཚད་ ལྡོག་ཕྱོགས་ཚོགས་པ་ལུ་ཡང་ མི་དམངས་ཀྱི་ དངུལ་རྩིས་དང་ བློ་གཏད་ཚུ་ གནས་ཚད་མཐོ་དྲགས་ཀྱི་ དྭངས་གསལ་དང་ འགན་འཁྲིའི་སྒོ་ལས་ ལག་ལེན་འཐབ་ནི་ཡོདཔ་ ངེས་གཏན་བཟོ་དགོ་པའི་ འགན་ཁུར་འཁྲི་དོ་ཡོད་པའི་ ཡིད་ཆེས་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་ ༣.༣ འབད་མི་གིས་གཙོས་པའི་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ སྐྱིན་འགྲུལ་ཚུ་གི་ བྱ་སྒོ་དང་ ཁྱད་ཚད་ཚུ་ ཞིབ་དཔྱད་འབད་དགོ་པའི་ཁར་ ཁེ་ཕན་བརྟག་སྤྲོད་དང་ གདམ་ཁ་ཅན་གྱི་སྐྱོང་བཞག་ ཡང་ཅིན་ གཞི་བཙུགས་འབད་དེ་ཡོད་མི་ དངུལ་རྩིས་ཀྱི་བྱ་སྒོ་ལས་ འགལ་བ་ཡོད་མེད་ དེ་ལས་ མི་མང་གི་ མ་དངུལ་ལག་ལེན་ནང་ དབང་ཚད་ལོག་སྤྱོད་དང་ ཉེ་རིང་ ཡང་ཅིན་ ངན་ལྷད་ཅན་གྱི་ ལག་ལེན་གང་རུང་ཡོད་མེད་ ཞིབ་དཔྱད་དང་ བརྟག་ཞིབ་ཚུ་ ངེས་པར་དུ་འབད་དགོ་པའི་ ནན་སྐུལ་འབད་དོ་ཟེར་ཨིན་པས།
དེ་བཟུམ་མའི་ ཆགས་སྡང་ཕྱོགས་རིས་མེད་པའི་སྒོ་ལས་ དྭངས་གསལ་ཅན་གྱི་ ཞིབ་དཔྱད་དེ་གིས་ ནོར་འཁྲུལ་ཅན་གྱི་ ལཱ་བྱ་རེ་ བདའ་ཟུན་པ་ཅིན་ འགན་འཁྲི་དང་ འོས་འབབ་ཡོད་པའི་ ལག་ལེན་ངེས་གཏན་ བཟོ་ཚུགས་ནི་དང་ ཁ་ཉེས་བཀལ་མི་ཚུ་ ཁུངས་ལྡན་མེད་པ་ཅིན་ མི་མང་གི་ ཡིད་ཆེས་བསྐྱར་གསོའི་ཐོག་ལས་ རྒྱལ་ཡོངས་ལས་རིམ་གྱི་ དྲང་བདེན་ཚུ་ སྲུང་སྐྱོབ་འབད་ཚུགས་ནི་ཨིན་པས་ཟེར་བཀོད་ནུག།
ཁ་ཉེས་དེ་ཚུ་ ཚབས་ཆེན་ཡོད་མི་དང་ འབྲུག་གི་དཔལ་འབྱོར་ བསྐྱར་གསོའི་ནང་ ག་ནི་བ་ གལ་གནད་ཆེཝ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ གུས་བཀུར་ཐོག་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ཡང་ གནད་དོན་དེ་ གལ་ཅན་ཅིག་སྦེ་ བརྩི་འཇོག་གནང་སྟེ་ དྭངས་གསལ་གྱི་ མཐའ་དོན་ལུ་ ཞིབ་དཔྱད་ཀྱི་ གྲུབ་འབྲས་ཚུ་ མི་མང་གིས་ ཤེས་ཚུགསཔ་ཤྦེ་ བཟོ་གནང་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: