
རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ སའུ་དི་ཨ་ར་བི་ཡ་དང་ པ་ཀིཛ་ཏཱན་ རྒྱལ་ཁབ་ ༢ ཀྱི་བར་ན་ སྲུང་སྐྱོབ་ཀྱི་ ཆིངས་ཡིག་ཅིག་ བཟོ་ཡོདཔ་ལས་ ཆིངས་ཡིག་དེ་གིས་ ལུང་ཕྱོགས་ནང་ མཐུན་ལམ་ཚུ་ མེདཔ་འགྱོ་དོ་ཡོད་པའི་ གནས་སྟངས་ནང་ རྒྱལ་ཁབ་ ༢ ཀྱི་བར་ན་ ལོ་ངོ་བཅུ་ཕྲག་རིང་གི་ སྲུང་སྐྱོབ་མཉམ་འབྲེལ་ལུ་ བཙན་ཐབས་འབྱུང་ནི་ཨིན་པས།
དེ་ཡང་ པ་ཀིཛ་ཏཱན་དང་ སའུ་དི་ཨ་ར་བི་ཡའི་ སྲུང་སྐྱོབ་ཆིངས་ཡིག་དེ་ ལོ་ངོ་ལེ་ཤ་ཅིག་གི་རིང་ལུ་ གྲོས་བསྟུན་ཚུ་འབད་བའི་ གྲུབ་འབྲས་ཅིག་ཨིནམ་ད་ རྒྱལ་ཁབ་གཞན་གང་རུང་ལུ་ ཆེད་དུ་དམིགས་ཏེ་ ཆིངས་ཡིག་བཟོ་བཟོཝ་མེན་ཟེར་ སའུ་དི་ཨ་ར་བི་ཡའི་ འགོ་དཔོན་ཅིག་གིས་བཤད་ནུག།
མ་གཞི་ ཧེ་མ་ལས་ ཡུ་ཨེཛ་གིས་ ཨ་རབ་རྒྱལ་ཁབ་ཚུ་གི་དོན་ལུ་ ཉེན་སྲུང་འགན་ལེན་འབད་དེ་ཡོད་རུང་ འགན་ལེན་དེ་ ཉམས་སུ་སོང་ཡོདཔ་ལས་ ཨ་རབ་རྒྱལ་ཁབ་ཚུ་གིས་ ཡིད་ཆེས་མེད་པའི་ཁར་ འདས་པའི་བདུན་ཕྲག་ནང་ ཨིཛ་རེལ་གྱིས་ ཀ་ཊར་ལུ་ཡང་ གནོད་འཚུབ་བཀལ་མི་དེ་གིས་ ཨ་རབ་རྒྱལ་ཁབ་ཚུ་ ཧེང་སྐལ་ར་ ཚ་གྱང་ལང་དགོཔ་ བྱུང་ཡོདཔ་སྦེ་ཨིན་པས།
དེ་ཁ་ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ དམག་འཁྲུག་མཚམས་འཇོག་གི་དོན་ལས་ ཀ་ཊར་གིས་ འདུམ་འགྲིག་ལུ་ ཕན་ཐབས་ཀྱི་སྒོ་ལས་ གྲོས་གླེང་ཚུ་འབད་བའི་བར་ན་ ཨིཛ་རེལ་གྱིས་ ས་གནས་དོ་ཧ་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ ཧ་མཱཛ་གི་ སྲིད་དོན་འགོ་ཁྲིདཔ་ཚུ་ དམར་བསད་འབད་ནི་གི་ དཔའ་བཅམ་པ་ལུ་བརྟེན་ཏེ་ཡང་ ཨ་རབ་རྒྱལ་ཁབ་ཚུ་ ཁོང་ཁྲོ་ལང་སྟེ་ཡོདཔ་སྦེ་བཀོད་ནུག།
རྒྱལ་ཁབ་ ༢ ཀྱི་བར་ན་ སྲུང་སྐྱོབ་ཀྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ཤུལ་ལས་ པ་ཀིཛ་ཏཱན་གྱི་ གཞུང་འབྲེལ་རྒྱང་མཐོང་ནང་ པ་ཀིཛ་ཏཱན་གྱི་ བློན་ཆེན་དང་ སའུ་དི་ཨ་ར་བི་ཡའི་ རྒྱལ་སྲས་ ༢ ཕངསམ་བཏབ་སྟེ་ཡོད་མི་ གསལ་སྟོན་འབད་ཡོདཔ་ད་ དེ་བསྒང་ རྒྱལ་ཁབ་ནང་ དབང་ཤུགས་མཐོ་ཤོས་སྦེ་ བརྩི་སྲོལ་ཡོད་མི་ པ་ཀིཛ་ཏཱན་གྱི་དམག་སྤྱི་ ཨ་སིམ་མུ་ནིར་ཡང་ མཉམ་གཅིག་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།






Users Today : 4138
Users Yesterday : 3320
This Month : 94582
This Year : 390548
Total Users : 1102364
Views Today : 7078
Total views : 3078138
Who's Online : 29