
ཧི་མ་ལ་ཡཱན།
སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ ནེ་པཱལ་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་ཚེ་ སྤྱི་ཟླ་ ༩ པའི་ཚེས་ ༨ དང་ ༩ ལུ་ ཇེན་ཟི་ཟེར་མི་ ན་གཞོན་ཚུ་གིས་ གཞུང་ལུ་ ངོ་རྒོལ་འབདཝ་ད་ བཙོན་ཁང་ཚུ་གི་ནང་ལས་ བྱོག་འགྱོ་མི་ བཙོན་པ་ཚུ་གི་གྲས་ལས་ ལ་ལོ་ཅིག་ ཁོང་རའི་བློ་འདོད་ཐོག་ལས་ ལོག་འོང་དོ་ཡོད་རུང་ གཞན་མི་ཚུ་ འཛིན་བཟུང་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་ཡང་ མག་ཝཱན་པུར་ མངའ་སྡེའི་བཙོན་ཁང་ བྷིམ་ཕེ་ཌི་ལས་ བཙོན་ཁང་གི་ སྒོ་ར་ ༣ མེདཔ་བཏང་སྟེ་ བྱོག་འགྱོ་མི་ བཙོན་པ་ ༤༤༠ གི་གྲས་ལས་ ༣༦ ཁོ་རའི་བློ་འདོད་ཐོག་ལས་ བཙོན་ཁང་ནང་ ལོག་ཡོདཔ་ད་ ༡༣༠ འབད་མི་ཅིག་ སྲུང་སྐྱོབ་དམག་མི་ཚུ་གིས་ འཛིན་བཟུང་འབད་བའི་ལྷག་ལུས་ བཙོན་པ་ ༢༧༧ འཛིན་བཟུང་གི་དོན་ལུ་ འཕྲོ་མཐུད་དེ་ར་ འཚོལ་དོ་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ མི་ཡག་དི་ བཙོན་ཁང་ནང་ལས་ བཙོན་པ་ ༧༦ བྱོག་འགྱོ་མིའི་གྲས་ལས་ ༦༢ ཁྲིམས་སྲུང་འགག་སྡེ་གིས་ ལོག་སྟེ་ར་ བཙོན་ཁང་ནང་ བསྐྱལ་ཡོད་རུང་ བཙོན་པ་ ༡༤ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།
ས་ཁོངས་དེ་ནང་ལས་ བཙོན་པ་བྱོག་ནིའི་ནང་ ཆ་རོགས་འབད་ཡོད་པའི་ ཉེས་པ་ལུ་བརྟེན་ཏེ་ མི་ ༥ འཛིན་བཟུང་འབད་ཡོདཔ་ད་ ར་སུ་ཝ་ བཙོན་ཁང་ནང་ལས་ བཙོན་པ་ ༩༧ བྱོག་འགྱོ་ས་ལས་ ༩༡ ལོག་ཐོབ་ཡོད་རུང་ ༦ འཚོལ་མ་ཐོབ་པར་ཡོད་ཟེར་བཀོད་ནུག།
ཀའི་ལ་ལི་ བཙོན་ཁང་ནང་ལས་ བཙོན་པ་ ༦༦༦ བྱོག་འགྱོ་མིའི་གྲས་ལས་ བཙོན་པ་ཨམ་སྲུ་ ༢༧ བརྩིས་ཏེ་ བཙོན་པ་ ༢༢༦ ལོག་སྟེ་ར་ རང་སོའི་བཙོན་ཁང་ནང་ལོག་འོང་ཡོད་རུང་ ༤༤༡ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།
དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་སྡེ་དང་ བཙོན་ཁང་བདག་སྐྱོང་ཚུ་ མཉམ་འབྲེལ་ཐོག་ལས་ བཙོན་པ་ལོག་མ་འོང་མི་ཚུ་ འཚོལ་དོ་ཟེར་ཨིནམ་ད་ བཙོན་པ་དེ་ཚུ་ རང་སོའི་ཁས་བླངས་ཐོག་ལས་ བཙོན་ཁང་ནང་ ལོག་འོང་དགོ་པའི་ མི་མང་ནན་སྐུལ་ཚུ་ཡང་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1392277
Views Today :
Total views : 5000
Who's Online :