དཔལ་ལྡན་འབྲུག་པའི་ ལོ་བསྟར་ཁྲུས་འབབ།

མགོན་པོ་རྡོ་རྗེ།
དུས་ཅི་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ ལོ་བསྟར་ཁྲུས་འབབ་དེ་ རང་ཟླ་ ༨ པའི་ཚེས་ ༢ སྤྱི་ཟླ་ ༩ པའི་ཚེས་ ༢༣ ལུ་ དྲོ་པའི་ཆུ་ཚོད་ ༧ དང་ སྐར་མ་ ༣༧ དེ་ཅིག་ལས་ འགོ་བཙུགས་ཏེ་ ཉིན་ཞག་ ༧ གྱི་རིང་ལུ་ འབབ་ནི་ཨིནམ་བཞིན་དུ་ དུས་ཡུན་དེ་ནང་ ཆུ་ཆེ་འབྲིང་ཆུང་ ༣ ག་ར་ བདུད་རྩིའི་རང་བཞིན་ལུ་འགྱུརཝ་ལས་ ཁྲུས་འབབ་ཀྱི་ཉིན་མར་ ཆུ་འཁྱུ་བ་ཅིན་ ལུས་ངག་ཡིད་ ༣ གྱི་ སྡིག་སྒྲིབ་ཚུ་དག་སྟེ་ བསམ་དོན་ག་ར་འགྲུབ་པའི་ རྟེན་འབྲེལ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཁྲུས་སྐར་དེ་ བྱང་ཁ་ཐུག་ལས་ ཤར་ནི་དེ་གིས་ ཆུ་འཁྱུ་བའི་སྐབས་ལུ་ ང་བཅས་རའི་ གདོང་ཕྱོགས་འདི་ བྱང་ཁ་ཐུག་ལུ་སྟོན་པ་ཅིན་ ལེགས་ཤོམ་འོང་ཟེར་ཨིན་པས།
ཁྲུས་འབབ་ཀྱི་ ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ སྔོན་གྱི་དུས་ལུ་ འཇིག་རྟེན་གྱི་ཁམས་འདི་ རིམ་པ་བཞིན་དུ་ ཆགས་ཚར་བའི་ཤུལ་ལས་ སེམས་ཅན་སྤྱི་མཐུན་གྱི་ ལས་དབང་དང་ བསོད་ནམས་ལུ་བརྟེན་ཏེ་ ཉི་ཟླ་སྐར་ ༣ ཡང་ འཇིག་རྟེན་འདི་ནང་བྱུང་ནུག།
དེ་བསྒང་ ངོ་བོ་ཆུ་ཤེལ་གྱི་རང་བཞིན་ ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་ སྐར་མ་རི་ཥིའམ་ ཁྲུས་སྐར་དེ་ཡང་ བྱུང་ཡོདཔ་བཞིན་དུ་ ཁྲུས་སྐར་དེ་ ཧེ་མར་ རྒྱ་གར་ལྷོ་ཕྱོགས་ཀྱི་ རྒྱ་མཚོའི་སྦུག་ན་ དྲང་སྲོང་བདེན་པ་གྲུབ་པ་ཚུ་གིས་ རིན་པོ་ཆེ་སྣ་ཚོགས་ལས་ རྒྱལ་བ་རྣམ་པར་སྣང་མཛད་ཀྱི་ སྐུ་འདྲ་ཅིག་ བཞེངས་ཏེ་ཡོད་མིའི་ དབུའི་གཙུག་ཏོར་ཡང་ ནོར་བུ་ཆུ་ཤེལ་ལས་ གྲུབ་ནི་དེ་གིས་ ལོ་བསྟར་བཞིན་དུ་ རང་ཟླ་ ༨ པའི་ དབུགས་ཐོབ་མི་དང་འཁྲིལ་ཏེ་ རྒྱུ་སྐར་རི་ཥི་དེ་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་གྱི་གནམ་ཐད་ལས་ འགྲུལ་སྐྱོད་འབདཝ་ཨིན་པས།
དེ་སྦེ་ འགྲུལ་སྐྱོད་འབད་དེ་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ལས་ འབྱིད་ཚུགས་ཚུགས་ལུ་ བདུན་ཕྲག་ ༡ གི་རིང་ལུ་ འགོར་དོ་ཡོདཔ་ད་ དེ་བསྒང་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་གི་ ཐུགས་བསྐྱེད་སྨོན་ལམ་དང་ དྲང་སྲོང་ཚུ་གི་བདེན་ཚིག་ སེམས་ཅན་སྤྱི་མཐུན་གྱི་ བསོད་ནམས་ལུ་བརྟེན་ཏེ་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ ཆུ་ཤེལ་གྱི་ རང་བཞིན་ཅན་ལས་ བདུན་ཕྲག་ ༡ གི་རིང་ལུ་ བདུད་རྩི་འབབ་དོ་ཡོདཔ་སྦེ་གསུངས་ནུག།
ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ ཁྲུས་འབབ་དེ་ ངོ་མ་ར་ འཁོར་བ་ཐོག་མ་མེད་པ་ལས་བསགས་པའི་ སྡིག་སྒྲིབ་ཚུ་ དག་ཐབས་་ལུ་ཨིནམ་ལས་ ཁྲུས་འབབ་ཀྱི་ཉིནམ་དེ་ཁར་ ཤ་ཆང་གི་རིགས་ཚུ་ ལག་ལེན་འཐབ་པ་ཅིན་ གཟུགས་ག་དེམ་ཅིག་འཁྱུ་རུང་ སྡིག་སྒྲིབ་ཚུ་ དག་མི་བཏུབ་ཟེར་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ ཁྲུས་འབབ་ཀྱི་ཉིན་མར་ གཞུང་སྒེར་ལས་སྡེ་ཁག་གི་ ཡིག་ཚང་ཚུ་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་སྦེ་ བཞག་གནངམ་མ་ཚད་ ཕམ་བུ་གཞི་དང་ གཉེན་ཉེཝ་ཚུ་ཡང་ག་ར་ མཉམ་གཅིག་འཛོམས་ཞིནམ་ལས་ བཞེས་སྒོ་ཚུ་ སྦུག་ན་བཙུགས་ཏེ་ དགའ་སྤྲོ་སྟོན་ནི་གི་ ཉིནམ་ཁྱད་པར་ཅན་ཅིག་ཨིན་པའི་གནས་ཚུལ།

Please follow and like us: