
པདྨ་དབང་འདུས།
སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་ཆེན་རྡོ་རྗེ་དང་ བསོད་ནམས་ཆོས་སྒྲོན་ འཇིགས་བྲལ་སེངྒེ་ ༣ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཚོགས་འཐུས་མི་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོང་གསུམ་གྱིས་ འབྲུག་གི་མ་འོངས་པའི་དོན་ལུ་ འགན་ཁུར་གཙོ་བོར་བཟུང་ནི་ཨིན་པའི་ དྲན་ཤེས་དང་ ཡུན་བརྟན་ དེང་དུས་ཀྱི་ འཕྲུལ་རིག་དང་ལྡན་པའི་ ཁྲོམ་ཚོགས་གོང་འཕེལ་ནང་ ཉམས་མྱོང་དང་ དད་དམ་གྱི་སྒོ་ལས་ ཕྱག་ཞུ་ནི་ཨིན་པས།
བདེ་ཆེན་རྡོ་རྗེ་གིས་ ཉམས་སྲུང་འགོ་ཁྲིད་ནང་ ལོ་ངོ་བཅུ་ཕྲག་ ༢ ཀྱི་རིང་ལུ་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ཡུ་ཨེཛ་འཛམ་གླིང་རི་དྭགས་མ་དངུལ་གྱི་ རི་དྭགས་ཉམས་སྲུང་གི་ གཙོ་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ད་ དེ་གི་ཧེ་མར་ འབྲུག་གི་དོན་ལུ་ འཛམ་གླིང་རི་དྭགས་མ་དངུལ་གྱི་ རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ ཕྱག་ཞུ་སྟེ་ རྒྱལ་སྤྱིའི་ཉམས་སྲུང་མཉམ་འབྲེལ་དང་ ལས་འགུལ་སྦོམ་ཚུ་གི་ གོང་འཕེལ་ཚུ་ནང་ ཉམས་མྱོང་ཚུ་ཡོདཔ་ཨིན་པས།
ཁོ་གིས་ ཚེ་ཐེངས་གཅིག་གི་ འབྲུག་ཟེར་བའི་ རྒྱལ་ཡོངས་ཉམས་སྲུང་གི་ བརྩོན་ཤུགས་དོན་ལས་ ཡུ་ཨེཛ་ཌོ་ལར་ས་ཡ་ ༤༣ ཐོབ་ཡོད་མི་དེ་གིས་ མཐའ་འཁོར་གནས་སྟངས་ སྲུང་སྐྱོབ་ཀྱི་དོན་ལས་ ཁོ་ལུ་ རྒྱལ་སྤྱིའི་གནས་རིམ་ནང་ལས་ མ་དངུལ་བསྡུ་སྒྲུབ་དང་འབྲེལ་བའི་ ལྕོགས་གྲུབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
བདེ་ཆེན་རྡོ་རྗེ་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གཟེངས་ཐོན་གསེར་གྱི་རྟགས་མ་ཡང་ གནང་ཡོདཔ་ད་ ཁོ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ རྒྱལ་སྤྱིའི་མཉམ་འབྲེལ་པ་ཚུ་དང་གཅིག་ཁར་ ཡུན་བརྟན་ཅན་གྱི་ དམིགས་དོན་ཚུ་ ལག་ལེན་རུང་བའི་ ལས་རིམ་ལུ་ བསྒྱུར་ནི་གི་ ཉམས་མྱོང་དང་འབྲེལ་ཏེ་ ཕྱག་ཞུ་ནི་ཨིན་པས།
བསོད་ནམས་ཆོས་སྒྲོན་ལུ་ ལོ་ངོ་བཅུ་ཕྲག་ ༢ དེ་ཅིག་གི་རིང་ལུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ནང་ ཆེ་རིམ་བཀོད་ཁྱབ་ཀྱི་ ཁྱིམ་བཟོ་གོང་འཕེལ་གྱི་དོན་ལུ་ ཐབས་བྱུས་ཅན་གྱི་ འཆར་གཞི་བརྩམ་ནི་དང་ གོང་འཕེལ་གཏང་ནི་གི་ ཉམས་མྱོང་ཚུ་ཡོདཔ་ཨིན་པས།
མོ་གིས་ འབྲུག་གི་གཞི་རྟེན་མཁོ་ཆས་ལས་སྡེའི་ནང་ ཨམ་སྲུ་འགོ་ཁྲིདཔ་ཅིག་སྦེ་ རྒྱལ་ཡོངས་ཀྱི་ གལ་གནད་ཆེ་བའི་ ལས་འགུལ་དང་ ཕུག་ཚོགས་གླིང་ལུ་ དམིགས་བསལ་གྱི་ ཁྱིམ་བཟོ་ལས་འགུལ་ཚུ་ མཐར་འཁྱོལ་ཅན་སྦེ་ བསྒྲུབས་ཡོདཔ་མ་ཚད་ སླར་བྱུང་དང་ ཡུན་བརྟན་ཅན་གྱི་ གོང་ཚད་རན་པའི་ ཁྱིམ་བཟོའི་ལས་འགུལ་གྱི་ འགོ་ཐོག་བསམ་དཔྱད་དང་འབྲེལ་བའི་ བརྩོན་ཤུགས་ལུ་བརྟེན་ཏེ་ གོང་ཚད་རན་པའི་ཁང་ཚན་ ༡,༠༠༠ ལྷགཔ་ཅིག་ ཁ་སྐོང་བཀལ་ཚུགས་ནུག།
ལས་དོན་དེ་ཚུ་ལས་ མོ་ལུ་ རྒྱ་ཆེ་བའི་ གོང་འཕེལ་དང་ ཡུན་བརྟན་གྱི་ དམིགས་དོན་ཚུ་ འདྲ་མཉམ་བཟོ་ནི་གི་ ཉམས་མྱོང་ཐོབ་ཡོདཔ་ད་ མོ་གིས་ ཁྱིམ་བཟོ་གོང་འཕེལ་ནང་གི་ ཉམས་མྱོང་ཚུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ ཁྲོམ་ཚོགས་ཀྱི་ འཆར་གཞི་དང་ ཡུན་བརྟན་ཅན་གྱི་ འཚོ་བའི་གནས་སྟངས་ཚུ་ནང་ གལ་ཆེ་བའི་ ཕན་ཐོགས་འབྱུང་ནི་ཨིན་པས།
འཇིགས་བྲལ་སེངྒེ་གྱིས་ བཀོད་ཚོགས་ནང་ ན་གཞོན་གྱི་ བསམ་ཚུལ་ཚུ་གི་སྒོ་ལས་ ཕན་འདེབས་འབད་ནི་དང་ ཁོ་ལུ་ ཨང་ཅན་གསར་བཏོད་དང་ དངུལ་རྩིས་ཀྱི་ ཉམས་མྱོང་ཚུ་ཡོདཔ་ཨིན་པས།
ཁོ་གིས་ སླར་བྱུང་ཨང་ཅན་སྒེ་སྡེ་ཚད་འཛིན་གྱི་ མཉམ་འབྲེལ་མདོ་ཆེན་དང་ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གི་ བཀོད་ཚོགས་འཐུས་མི་སྦེ་ འབྲུག་གི་ཨང་ཅན་བདོག་གཏད་ཀྱི་ རིམ་ལུགས་ནང་ སྦུང་སྒུལ་ཅན་སྦེ་ ཕྱག་ཞུ་ནུག།
དེ་མ་ཚད་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ཕྱིའི་མཉམ་འབྲེལ་གྱི་ལཱ་དང་ གྲུབ་འབྲས་མཐོ་བའི་ གནད་སྡུད་ལྟེ་བ་ཚུ་གི་ ལཱ་ཚུ་དང་ འབྲུག་རྒྱུ་ནོར་གཞི་བཟུང་ལས་སྡེ་ དེ་ལས་ འབྲུག་གི་རང་དབང་རྒྱུ་ནོར་མ་དངུལ་དང་ ཐོན་རིམ་ཅན་གྱི་ འཕྲུལ་རིག་ལས་རིམ་ཚུ་ནང་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ ཤེ་བི་ནིང་གི་ སློབ་གཉེར་གྲོགས་རམ་ཐོག་ལས་ དངུལ་རྩིས་དང་ གསར་བཏོད་འཛིན་སྐྱོང་ ཁེ་ལཱ་ཚུ་གི་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ད་ ཉམས་མྱོང་གི་ཐེད་ཁར་ ཁོ་ལུ་ བོ་ལོག་ཅཱེན་ཟེར་བའི་ ཨང་ཅན་འཕྲུལ་རིག་དང་ གཙུག་སྡེ་གསར་བཏོད་ཚུ་གི་ ཉམས་མྱོང་ཚུ་ཡོདཔ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཕྲུལ་རིག་གཞི་རྟེན་མཁོ་ཆས་ གོང་འཕེལ་ནང་ ཕན་ཐོགས་འབྱུང་ནི་ཨིན་པས།
ཁོང་ འབྲུག་མི་འགོ་ཁྲིདཔ་ ༣ གྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ད་ལྟོ་ཡོད་མི་ བཀོད་ཚོགས་ནང་ མཁས་རིག་གི་ ཉམས་མྱོང་ཚུ་གི་སྒོ་ལས་ ལས་འགུལ་གཞི་བཙུགས་ཀྱི་ འགོ་ཁྲིད་སྒྲིག་བཀོད་ལུ་ ཕན་ཐབས་འབྱུང་ནི་དང་ ཁྱད་རིག་མ་འདྲ་བའི་ འགོ་ཁྲིད་ཚུ་གི་ཐོག་ལས་ དྲན་ཤེས་ཅན་གྱི་ གོང་འཕེལ་གྱི་དཔེ་ཚད་ཤུལ་མའི་དོན་ལུ་ གྲ་སྒྲིག་ཚུདཔ་ཨིན་པའི་གནས་ཚུལ།






Users Today : 2002
Users Yesterday : 3715
This Month : 65290
This Year : 502283
Total Users : 1214099
Views Today : 4286
Total views : 3262147
Who's Online : 14