ཏཱ་ཡེ་ཝཱན་ རྒྱལ་ཁབ་ནང་ ཆརཔ་དང་ རླུང་འཚུབ་ལུ་བརྟེན་པའི་ ཆུ་རུད་ཀྱིས་གནོད་སྐྱོན།

བི་བི་སི།
སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏཱ་ཡེ་ཝཱན་ རྒྱལ་ཁབ་ནང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དང་འབྲེལ་ཏེ་ རླུང་འཚུབ་ཡང་ ལང་ཡོདཔ་སྦེ་བཀོད་ནུག།
དེ་འབདཝ་ལས་ ཧ་ལམ་ཆུ་ཊཱན་ས་ཡ་ ༩༡ དེ་ཅིག་ཡོད་མི་ གངས་མཚོ་རྦེད་པའི་རྐྱེན་གྱིས་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ས་གནས་ གུ་ཨང་ཕུ་ཟེར་སར་ ཆུ་རུད་ཐོན་ཏེ་ གནོད་སྐྱོན་རྐྱབ་མིའི་ནང་ མི་གྲངས་ ༡༤ ལུ་ ཤི་རྐྱེན་དང་ ༣༢ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༤༦ དེ་ཅིག་ཡང་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས།
ས་གནས་ནང་གི་ དཔེ་དེབ་ཚོང་པ་ཅིག་གིས་ ཁོང་སྡོད་སར་ སྒྲིང་ཁྱིམ་ཐོག་ ༢ ཀྱི་རྩིས་ ཆུ་འཁྱིལ་མིའི་འོག་ལུ་ ཚུད་སོངཔ་ལས་ ཁྱིམ་ཐོག་ ༣ པའི་ནང་ འཛུལ་སྡོད་གོཔ་ བྱུང་ཡི་ཟེར་བཤད་ནུག།
གངས་མཚོ་དེ་ཡང་ མདང་ཞག་ སྤྱི་ཟླ་ ༧ པའི་ནང་ རླུང་འཚུབ་ཅིག་ ལང་པའི་སྐབས་ལུ་ ས་ཐག་རིང་སའི་ གངས་གུ་ལས་འབབ་མི་ གཙང་ཆུའི་ཆུ་གཞོང་ནང་ ས་རུད་ཆད་དེ་ ཆུ་འཁྱིལ་ཞིནམ་ལས་ མཚོ་ལུ་གྱུར་ཡོདཔ་ཨིན་པས།
རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མི་ མང་ཤོས་ཅིག་ར་ རྒན་རྒས་ཚུ་ཨིནམ་ད་ གངས་མཚོ་ཆགས་མི་དེ་ མི་སྡེ་ཚུ་སྡོད་སའི་ ས་ཁོངས་ལས་ ཀི་ལོ་མི་ཊར་ ༡༡ དེ་ཅིག་གི་ ས་ཁར་ཡོདཔ་སྦེ་བཀོད་ནུག།
གློ་བུར་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ གནོད་སྐྱོན་མང་ཤོས་བྱུང་མི་ གུ་ཨང་ཕུ་ལུ་ སྒྲིང་ཁྱིམ་ལ་ལོ་ཅིག་ཁར་ ཐོག་ཚད་ ༣ ཚུན་ ཆུ་འཁྱིལ་ཏེ་ཡོདཔ་ད་ དེ་བཟུམ་སྦེ་ ཁྲོམ་ལྟེ་བའི་ནང་འབད་བ་ཅིན་ ཁྱིམ་ཐོག་རེའི་རྩིས་ ཆུ་འཁྱིལ་ཏེ་ཡོདཔ་སྦེ་ བཤདཔ་ཨིན་པས།
གུ་ཨང་ཕུའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ རྐྱེན་ངན་དེ་གི་སྐོར་ལས་ སྔ་གོང་གི་ ཉེན་བརྡ་འབད་ནི་མིན་འདུག་ཟེར་ མི་སེར་ཚུ་གིས་ བཤད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

Please follow and like us: