“རྒྱལ་ཁབ་ཅིག་གི་ བསྐྱར་དྲན་- འབྲུག་གི་རྒྱལཔོ་ བྱང་ཆུབ་སེམས་དཔའ་མཆོག་ལུ་ གུས་བཏུད་”ཟེར་བའི་ འགྲེམ་སྟོན་འགོ་འབྱེད།

པདྨ་དབང་འདུས།
སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ དབང་འདུས་ཆོས་གླིང་ཕོ་བྲང་གི་ འགྲེམ་སྟོན་ཁང་དང་ ལམ་སྲོལ་ལྟེ་བ་གིས་ འབྲུག་བསྐྱར་དྲན་ (བྷུ་ཊཱན་ཨེ་ཀཱོཛ་) དང་ འབྲུག་གཞི་ཚོགས་ (བྷུ་ཊཱན་ཕ་འཱུན་ཌེ་ཤཱན་) དང་ མཉམ་འབྲེལ་ཐོག་ལས་ མཉམ་འབྲེལ་རིས་མོའི་ འགྲེམ་སྟོན་དང་པ་ འགོ་འབྱེད་འབད་ནུག།
འགོ་འབྱེད་རྟེན་འབྲེལ་དེ་ནང་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་ད་ “རྒྱལ་ཁབ་ཅིག་གི་ བསྐྱར་དྲན་- འབྲུག་གི་རྒྱལཔོ་ བྱང་ཆུབ་སེམས་དཔའ་མཆོག་ལུ་ གུས་བཏུད་”ཟེར་མི་ རིས་མོའི་འགྲེམ་སྟོན་དེ་ནང་ ཡོངས་གྲགས་ཅན་གྱི་ རིས་མོ་མཁན་ ཏཱད་ཡ་ན་ ཀིརཛ་མ་ནིག་གིས་བཀོད་མི་ མཛེས་ཆ་དང་ལྡན་པའི་ དཔར་རིས་ ༧༠ ཡོད་མི་ཚུ་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ བྱང་ཆུབ་སེམས་དཔའ་ འཁྲུལ་མེད་ཨིན་པའི་ གུས་བཏུད་ཅན་སྦེ་ མངོན་གསལ་འབདཝ་ཨིན་པས།
འགྲེམ་སྟོན་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་བཞི་པ་མཆོག་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་ཚུ་ དགུང་ལོ་ ༧༠ བཞེས་པའི་ དུསསྟོན་བརྩི་སྲུང་ལུ་བརྟེན་ཏེ་ འབྱུང་རབས་རྩ་ཅན་ཅིག་ཨིནམ་ད་ འགོ་འབྱེད་རྟེན་འབྲེལ་དེ་ནང་ འཛོམས་མི་ཡོངས་ཀྱིས་ འཕྲོ་མཐུད་དེ་ར་ སྐུ་ཁམས་བདེ་བར་འཚོ་སྟེ་ སྐུ་ཚེ་ཞབས་པད་བརྟན་པའི་ སྨོན་ལམ་ཚུ་ཕུལ་ནུག།
དབང་འདུས་ཆོས་གླིང་ཕོ་བྲང་གི་ འགྲེམ་སྟོན་ཁང་དང་ ལམ་སྲོལ་ལྟེ་བ་གིས་ འགོ་འབྱེད་རྟེན་འབྲེལ་ནང་ གྲལ་གཏོགས་མཛད་མི་ཡོངས་དང་ འབྲུག་བསྐྱར་དྲན་དང་ འབྲུག་གཞི་ཚོགས་ དེ་ལས་ བུམ་ཐང་རྫོང་ཁག་བདག་སྐྱོང་དང་ དམིགས་བསལ་གྱིས་ ཏཱད་ཡ་ན་ ཀིརཛ་མ་ནིག་ལུ་ བཀའ་དྲིན་ཆེ་ལུགས་དང་ དེ་བཟུམ་མའི་ ཁྱད་ཆོས་ཅན་གྱི་ འགྲེམ་སྟོན་གཟིགས་པར་ རེས་གཟའ་མིག་དམར་ལས་ རེས་གཟའ་ཉི་མ་ཚུན་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་ ༩ ལས་ ཕྱི་རུའི་ཆུ་ཚོད་ ༥ གི་བར་ན་ འབྱོན་གནང་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: