ཕ་རཱནཛ་ལས་ གྲུ་ཆུང་ནང་སྦེ་ གཙང་ཆུ་བརྒལ་ཏེ་ ཡུ་ཀེ་ལུ་ འགྱོ་ནི་གི་ དཔའ་བཅམ་ད་ ཨམ་སྲུ་ ༢ ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ ཕ་རཱནཛ་གི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཕྱོགས་ཕ་རཱནཛ་ལས་ མི་གྲངས་ ༡༠༠ དེ་ཅིག་གིས་ གྲུ་ཆུང་ནང་སྦེ་ ཨིང་ལིཤ་གི་ གཙང་ཆུ་བརྒལ་ཏེ་ ཡུ་ཀེ་ལུ་ འགྱོ་ནི་གི་ དཔའ་བཅམ་ཡོདཔ་ལས་ ཨམ་སྲུ་ ༢ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
དེ་བསྒང་ མི་གྲངས་ ༦༠ དེ་ཅིག་ སྲོག་སྐྱབས་འབད་ཚུགས་ཡོདཔ་ད་ དེ་སྦེ་ སྲོག་སྐྱབས་འབད་མི་ཚུ་ ཞི་བའི་ཉེན་སྲུང་གིས་ བདག་འཛིན་ཐོག་ལུ་ བཞག་ཡོདཔ་སྦེ་བཀོད་ནུག།
དེ་སྦེ་ ཤི་རྐྱེན་བྱུང་མི་ ཨམ་སྲུ་ ༢ པོ་དེ་ སོ་མ་ལི་ཡའི་ མི་ཁུངས་ཨིནམ་ད་ རྐྱེན་ངན་དེ་ཡང་ དེ་ཚེ་ནུབ་མོར་ པཱཛ་ཌེ་ཀ་ལེཛ་ ལུང་ཕྱོགས་ཀྱི་ ནིའུ་ཅ་ཊེལ་ ཧར་ཌི་ལོཊ་ མཚོ་འགྲམ་གྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ བྱུང་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ གྲུ་ཆུང་ཚུ་གི་ཐོག་ལས་ ག་ནི་བ་ ཉེན་ཁ་ཆེ་བའི་ གཙང་ཆུ་བརྒལ་ནི་གི་ དཔའ་བཅམ་པ་ལུ་བརྟེན་ཏེ་ ལོ་འདི་ནང་ར་ ཡུ་ཀེ་ལུ་ གཞི་སྤོ་འགྱོ་མི་ མི་གྲངས་ ༢༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག།
ཕ་རཱནཛ་གི་ མཚོ་འགྲམ་སྲུང་སྐྱོབ་དམག་མི་ཚུ་གིས་ ཐོ་བཀོད་འབད་མི་དང་འཁྲིལ་བ་ཅིན་ ན་ཧིང་ གཙང་ཆུ་བརྒལ་ནི་གི་ དཔའ་བཅམ་མི་ མི་གྲངས་ ༥༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ག་དེ་སྦེ་ཨིན་རུང་ སྤྱི་ལོ་ ༢༠༢༥ ལོར་ མི་གྲངས་ ༣༠,༠༠༠ ལྷགཔ་ཅིག་ གྲུ་ཆུང་ནང་སྦེ་ ཡུ་ཀེ་ལུ་ ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ནང་ ལས་མི་སྲིད་དེན་ཚོགས་པ་གིས་ དབང་ཚད་ཐོབ་པའི་ཤུལ་ལས་ མི་གྲངས་སྟོང་ཕྲག་ ༥༠ ལྷགཔ་ཅིག་གིས་ གཙང་ཆུ་བརྒལ་ཏེ་ ཡུ་ཀེ་ལུ་ སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: