
མགོན་པོ་རྡོ་རྗེ།
ད་རིས་ རང་ཟླ་ ༨ པའི་ཚེས་ ༦ སྤྱི་ཟླ་ ༩ པའི་ཚེས་ ༢༨ རེས་གཟའ་ཟླ་བར་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ ལྷ་མོ་གཙོ་འཁོར་གྱི་ དངོས་འཆམ་ཚུ་ མི་དམངས་ལུ་ མཇལ་ཁ་གནངམ་ཨིན་པས།
དེ་ཡང་ ལྷ་མོའི་ནང་བློན་གཙོ་མོ་ འཆམ་དཔོན་རེ་མ་ཏི་གིས་གཙོས་པའི་ ཕྱོགས་བཞི་དང་ མཚམས་བཞི་ ཕྱོགས་མཚམས་ ༨ འབདཝ་ད་ ལྷ་མོ་ ༡༦ དང་ དེ་ལས་ ལྷ་མོ་གཙོ་འཁོར་ ༤ ཟེར་ ལྷ་མོ་གཙོ་མོ་དང་ ལྷ་མོ་གཙོ་མོའི་ ཕྱག་ཞུ་སྟེ་ སྐུ་གསུང་ཐུགས་ཀྱི་ སྤྲུལ་པ་ ༣ བརྩིས་ཏེ་ ལྷ་མོ་གཙོ་འཁོར་ ༢༠ གི་ གར་འཆམ་ཚུ་ མཇལ་ཁ་གནང་པའི་ཁར་ དེ་བཟུམ་སྦེ་ རང་ཟླ་ ༨ པའི་ཚེས་ ༧ དང་ ༨ ལུ་ཡང་ ཞྭ་ནག་དང་ དུར་བདག་ལ་སོགས་པའི་ གར་འཆམ་ཚུ་ཡང་ མཇལ་ཁ་གནངམ་ཨིན་ཟེར་བཀོད་ནུག།
དེ་ལས་ བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ རང་ཟླ་ ༨ པའི་ཚེས་ ༩ ལས་ ༡༢ ཚུན་ ཉིན་གྲངས་ ༤ གི་རིང་ལུ་ ཐིམ་ཕུ་ཚེས་བཅུའི་གར་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནངམ་ཨིན་རུང་ ཐིམ་ཕུ་ཆ་འདུས་ཀྱི་ གཞུང་སྒེར་ཡིག་ཚང་དང་ སློབ་གྲྭ་ཚུ་ལུ་ གཞུང་འབྲེལ་ངལ་གསོ་དེ་ རང་ཟླ་ ༨ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ མ་གཏོགས་ བཞག་སྲོལ་མེདཔ་ཨིན་པས།
ཐིམ་ཕུའི་ཚེས་བཅུ་འདི་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་ སྤྱི་ལོ་ ༡༦༨༠ ལོར་ ཉིན་གྲངས་ ༣ གྱི་རིང་ལུ་ བླམ་སྐུ་གསུམ་དང་ འདི་ནས་ཉི་མ་སྤྲོས་བྲལ་བདེ་ཆེན་ བསམ་པ་ལྷུན་གྲུབ་ཚུ་ རོལ་དབྱངས་དང་བཅསཔ་སྦེ་ གསར་བཏོད་གནང་ཡོདཔ་མ་ཚད་ སྤྱི་ལོ་ ༡༦༨༧ ལས་ གར་འཆམ་ཚུ་ཡང་ གསར་བཏོད་མཛད་གནང་ནུག།
དེ་བསྒང་ ཉིན་གྲངས་ ༣ གྱི་ ཚེས་བཅུའི་གསུང་ཆོག་ཡང་ གཏེན་ཆེན་སངས་རྒྱས་གླིང་པའི་གཏེར་བྱོན་ བླ་མ་དགོངས་པ་འདུས་པའི་ལས་བྱང་ མེ་ཏོག་ཕྲེང་མཛེས་གནངམ་ཨིན་པས།
དེ་ལས་ རང་ཟླ་ ༨ པའི་ཚེས་ ༡༣ ལས་ ༡༥ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཚེ་དཔག་མེད་ཁྲོ་བོ་དང་ ཚེས་ ༡༦ ལུ་ ཁྲོ་བོ་ལྷ་མང་དང་ ཚེ་འགུགས་ཚུ་ གནངམ་ཨིན་པའི་གནས་ཚུལ།





Users Today : 1511
Users Yesterday : 2073
This Month : 3584
This Year : 183487
Total Users : 895303
Views Today : 3155
Total views : 2629979
Who's Online : 19