ནེ་པཱལ་རྒྱལ་ཁབ་ནང་ ངོ་རྒོལ་འགོ་ཁྲིདཔ་ གུ་རུང་གིས་ ཤུལ་མའི་བཙག་འཐུའི་ནང་ བཅའ་མར་གཏོགས་ནི།

ཨཱལ་ཇ་ཟི་ར།
འཕྲལ་ཁམས་ཅིག་ཁར་ ནེ་པཱལ་རྒྱལ་ཁབ་ནང་ ན་གཞོན་ཚུ་གིས་ ངོ་རྒོལ་འབད་དེ་ ཉིན་གྲངས་དག་པ་ཅིག་གི་ ནང་འཁོད་ལུ་ར་ གཞུང་ཆ་མེད་བཏང་མི་ འགོ་ཁྲིདཔ་གིས་ སང་ཕོད་ སྤྱི་ཟླ་ ༣ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།
དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ ན་གཞོན་འགོ་ཁྲིདཔ་ སུ་དཱན་གུ་རུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གི་སྡེ་ཚན་གྱིས་ རྒྱལ་ཁབ་ནང་འཁོད་ལུ་ རྒྱབ་སྐྱོར་པ་ཚུ་ བསྡུ་སྒྲིག་འབད་དེ་ སྔར་སྲོལ་གྱི་ སྲིད་དོན་ཚོགས་པ་ བསྒྱུར་བཅོས་ཀྱི་དོན་ལུ་ ལས་ཚོགས་ཅིག་ བཟོ་སྟེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་ ༣༦ འབད་མི་ གུ་རུང་གིས་ ནེ་པཱལ་ལུ་ ཇེན་ཟི་ཟེར་མི་ ན་གཞོན་ཚོགས་པ་ འགོ་ཁྲིད་འབད་དེ་ ངོ་རྒོལ་ཐོག་ལས་ སྲིད་གཞུང་ཆ་མེད་བཏང་པ་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་ ཡོངས་གྲགས་ཐོན་ནུག།
གུ་རུང་གིས་ རང་འདོད་ཅན་དང་ ངན་ལྷད་ཅན་གྱི་ ཧེ་མའི་ སྲིད་ཚོགས་ཀྱི་གཞུང་དེ་ ཆ་མེད་བཏང་ཡོདཔ་ལས་ ཤུལ་མའི་བཙག་འཐུའི་ནང་ ང་བཅས་ཀྱིས་ བཅའ་མར་གཏོགས་ནི་སྦེ་ ཐག་བཅད་ཅི་ཟེར་ བཤད་ཡོདཔ་ཨིན་པས།
ངན་ལྷད་ཅན་གྱི་ སྲིད་གཞུང་དེ་ ཕྱིར་བཏོན་གྱི་དོན་ལས་ ངོ་རྒོལ་འབད་བའི་སྐབས་ལུ་ ན་གཞོན་བཅུ་ཕྲག་ལུ་ ཤི་རྐྱེན་དང་ སྟོང་ཕྲག་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།
ད་རེས་ནངས་པར་ ཁས་བླངས་པ་ཚུ་གིས་ ཁྲིམས་དོན་དང་ བརྡ་དོན་ཚོགས་ཆུང་ཚུ་ གཞི་བཙུགས་འབད་དེ་ ངོ་རྒོལ་གྱི་སྐབས་ལུ་ བསྡུ་སྒྲིག་འབད་མི་ ཌིཛ་ཀོཌ་དང་ ཨིན་ཊར་ནེཊ་བཟུམ་མའི་ ཐབས་ལམ་ཚུ་བརྒྱུད་དེ་ རྒྱལ་ཁབ་ནང་འཁོད་ལས་ སྲིད་བྱུས་ཀྱི་ དགོས་མཁོ་ཚུ་ བསྡུ་སྒྲིག་ཐོག་ལས་ གཞུང་སྐྱོང་གི་དོན་ལུ་ གྲ་སྒྲིག་ཡོད་པའི་ ཡིད་ཆེས་བསྐྱེདཔ་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ སྡེ་ཚན་དེ་གིས་ ནེ་པཱལ་གྱི་ མི་སེར་ཚུ་གི་ བསམ་འཆར་ཚུ་ག་ར་ ཧ་གོ་ཚུགསཔ་ བཟོ་ནིའི་དོན་ལས་ ལཱ་འབད་དོ་ཡོདཔ་སྦེ་ གུ་རུང་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: