འབྲུག་དང་ ཕི་ལི་པིན་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་གཞི་བཙུགས།

པདྨ་དབང་འདུས།

འབྲུག་དང་ ཕི་ལི་པིན་ རྒྱལ་ཁབ་དང་ མི་སེར་ཚུ་གི་བར་ན་ མཐུན་འབྲེལ་བཙན་ཐབས་དང་ ཕན་ཚུན་ཁེ་ཕན་ཅན་གྱི་ མཐུན་ལམ་གོང་འཕེལ་གྱི་ འདུན་པ་བསྐྱེད་དེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༠ པའི་ཚེས་ ༦ ལས་ འགོ་བཟུང་སྟེ་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་གནང་ཡོདཔ་ཨིན་པས།

དེ་ཡང་ ཕྱི་འབྲེལ་མཐུན་ལམ་དང་འབྲེལ་བའི་ མཉམ་འབྲེལ་གསལ་བསྒྲགས་གུ་ རྒྱ་བཞུགས་འབྲུག་གི་གཞུང་ཚབ་ གུང་བློན་འོགམ་ ཝི་རྣམ་རྒྱལ་དང་ རྒྱ་བཞུགས་ཕི་ལི་པིན་གྱི་གཞུང་ཚབ་ ཡོ་སེལ་ཕ་རཱན་སིཛ་ཀོ་ ཨིབ་ནེ་ཤི་ཡོ་ ༢ ཀྱིས་ རྒྱ་གར་ནིའུ་དིལླི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་ནང་སྦེ་ སྤྱི་ཟླ་ ༡༠ པའི་ཚེས་ ༦ ལུ་ རང་སོའི་གཞུང་གི་ཁྱད་ཚབ་སྦེ་ མཚན་རྟགས་བཀོད་ནུག།

དེ་སྦེ་ མཚན་རྟགས་བཀོད་པའི་ནང་ལུ་ གཞུང་ཚབ་ ༢ ཀྱིས་ འདས་པའི་ལོ་ཚུ་གི་ནང་ཡང་ མཐུན་ལམ་དང་ མཉམ་འབྲེལ་ཡོད་མི་ རྒྱལ་ཁབ་ ༢ ཀྱི་བར་ན་ དེ་བཟུམ་མའི་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་མཛད་མི་ལུ་ ཐུགས་སྤྲོ་བྱུང་ཡོད་ལུགས་ བཤད་པའི་ཁར་ ད་རེས་ གལ་གནད་ཆེ་བའི་ ཟུང་ཕྱོགས་མཐུན་ལམ་དེ་གིས་ ཕན་ཚུན་མཐའ་དོན་གཅིག་པའི་ གནད་དོན་ཚུ་ནང་ མཉམ་འབྲེལ་དེ་ སྔར་བ་ལྷག་སྟེ་ དམ་ཟབ་འགྱོ་བའི་ ཡིད་ཆེས་ཡོད་ལུགས་ཡང་ བཤད་ཡོདཔ་ཨིན་པས།

ཕི་ལི་པིན་ རྒྱལ་ཁབ་དེ་ འབྲུག་དང་གཅིག་ཁར་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་མི་ རྒྱལ་ཁབ་ ༥༨ པ་ཨིན་པའི་གནས་ཚུལ།

Please follow and like us: