
མགོན་པོ་རྡོ་རྗེ།
འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་ དུས་སྟོན་ལས་རིམ་མཇུག་ར་ སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ཚུན་ ཉིན་གྲངས་ ༥ གི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ འཛམ་གླིང་རྒྱལ་ཁབ་ ༡༤ ལས་ ཨ་ཎེམོ་ ༢༦༠ ལྷགཔ་ཅིག་ལུ་ དགེ་སློང་མའི་ སྡོམ་པ་གནང་ཡི།
དེ་ཡང་ ཐིམ་ཕུ་ཚ་ལུ་མ་འཕེལ་ལུ་ འབྲུག་ཨ་ཎེམོ་གཞི་ཚོགས་ཀྱི་ སྦྱོང་བརྡར་སྤེལ་ཁང་ནང་སྦེ་ འགོ་འབྱེད་རྟེན་འབྲེལ་མཛད་པའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ གྲལ་བཞུགས་མཛད་གནང་ནུག།
སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགེ་སློང་མའི་སྡོམ་པ་དེ་ མ་གནང་པའི་ཧེ་མར་ ཨ་ཎེམོ་ཚུ་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ སྐུ་གསུང་ཐུགས་རྟེན་གྱི་ མནྜལ་ཕུལ་ཡོདཔ་ཨིན་པས།
དེ་ཚེ་ ཉིནམ་དང་པའི་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཨ་ཎེམོ་ ༤༢ ལུ་ དགེ་སློང་མའི་ སྡོམ་པ་ཡོངས་རྫོགས་ གནང་ཡོདཔ་ད་ དེ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ཚུན་ ཉིན་བསྟར་བཞིན་དུ་ ཨ་ཎེམོ་ ༦༠ དེ་རེ་ལུ་ དགེ་སློང་མའི་ སྡོམ་པ་ཡོངས་རྫོགས་གནང་ནུག།
དེ་བཟུམ་མའི་ སྡོམ་པ་ཡོངས་རྫོགས་དེ་གིས་ ནང་པ་སངས་རྒྱས་པའི་ ཆོས་སྡེའི་ལམ་ལུགས་ནང་ དམ་བཅའ་མཐོ་ཤོས་ཀྱི་ བརྡ་མཚོན་སྟོན་དོ་ཡོདཔ་ད་ དེ་ཡང་ ཚེ་ཐེངས་གཅིག་གི་རིང་ལུ་ སྒྲིག་ལམ་དང་ ཤེས་ཡོན་སྦྱང་བརྩོན་ སྒོམ་སྒྲུབ་ཚུ་ལུ་ ཁས་ལེན་གྲུབ་ནི་དེ་གིས་ ཆོས་འབྲེལ་གྱི་གནས་ཚད་ དགེ་སློང་ཚུ་དང་ འདྲ་མཉམ་གུ་ བཀལཝ་ཨིན་པས།
སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ འབྲུག་ལུ་ དགེ་སློང་མའི་སྡོམ་པ་ འགོ་དང་པ་ སྤ་རོ་ར་མོ་ཐང་ཁ་ལུ་སྦེ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༦ པའི་ནང་ ཨ་ཎེམོ་ ༡༤༢ ལུ་ གནང་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1431008
Views Today :
Total views : 5000
Who's Online :