
བི་བི་སི།
སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ རྒྱ་གར་གྱི་ གློག་བརྙན་འཁྲབ་རྩེདཔ་ དར་མེན་ད་ར་དེ་ སྐྱེས་ལོ་ ༨༩ གི་ཐོག་ལུ་ གྱོངས་སོངཔ་ལས་ རྒྱ་གར་གྱི་བློན་ཆེན་ ནཱ་རེན་ད་ར་ མོ་དི་མཆོག་གིས་ གུས་བཏུདདང་འབྲེལ་ཏེ་ ད་རེས་ འཁྲབ་རྩེདཔ་དེ་ གྱོངས་མི་ལུ་བརྟེན་ཏེ་ རྒྱ་གར་གྱི་ གློག་བརྙན་ནང་ དུས་བསྐལ་ཅིག་ མཇུག་བསྡུཝ་ཨིན་ཟེར་གསུངས་ནུག།
གློག་བརྙན་འཁྲབ་རྩེདཔ་ དར་མེན་ད་ར་གིས་ ཁོ་ར་ འཇམ་སམ་ཅིག་ཨིནམ་སྦེ་ བཤད་སྲོལ་ཡོདཔ་ད་ ཁོ་ལུ་དགའ་མི་ ས་ཡ་ལས་བཅད་མི་ཚུ་གིས་ གཞན་དང་མ་འདྲ་བའི་ བརྩེ་གདུང་ཅན་དང་ ཐ་དམ་ཚིག་ཅན་ཅིག་ཨིནམ་སྦེ་ བཤད་དོ་ཡོདཔ་ཨིན་པས།
སྤྱི་ལོ་ ༡༩༧༥ ལུ་ གློག་བརྙན་ཤོ་ལེ་ཟེར་མིའི་ནང་ ཝི་རུ་ཟེར་ བརྩེ་བར་འོས་པའི་ ཉེས་ཅན་ཆུང་ཀུ་ཅིག་སྦེ་ འཁྲབ་རྩེད་འབད་མི་གིས་གཙོས་པའི་ ལོ་ངོ་ལེ་ཤ་ཅིག་གི་རིང་ལུ་ གློག་བརྙན་ ༣༠༠ ལྷགཔ་ཅིག་ནང་ འཁྲབ་རྩེད་འབད་མི་ཚུ་གི་གྲས་ལས་ མང་ཤོས་ཅིག་ར་ ཡོངས་གྲགས་ཐོན་ནུག།
ཁོ་གི་གླུ་གཞས་ཚུ་ དྲག་ཤོས་ཅིག་སྦེ་ ཐོན་ཡོདཔ་ལས་ ཁོ་གི་མཛའ་མཐུན་ ཧེ་མ་མ་ལི་ནི་དང་གཅིག་ཁར་ དགའ་བརྩེ་དང་ གཉེན་རྐྱབ་མི་དེ་ གནས་ཚུལ་གཙོ་དོན་ཅན་སྦེ་ ཐོན་ཡོདཔ་ཨིན་པས།
འཁྲབ་རྩེདཔ་དེ་ལུ་ ག་རམ་དྷ་རམ་ཟེར་བའི་ མིང་བཏགས་ཡོདཔ་མ་ཚད་ འཛམ་གླིང་ནང་ ཕོ་སྐྱེས་འཇའ་རིསམོ་ཅིག་ཨིན་པའི་ མིང་གཏམ་ཡང་ ཐོན་ཡོདཔ་ལས་ ཁོ་ལུ་དགའ་མི་ ཨམ་སྲུ་ཚུ་གིས་ ཁོ་གི་དཔར་དེ་ཚུ་ ཧང་འོག་ལུ་བཙུགས་ཏེ་ ཉལ་ཡོད་པའི་ ལོ་རྒྱུས་ཚུ་ཡང་ དར་ཁྱབ་སོང་ནུག།
ཚེ་འདས་དར་མེན་ད་ར་དེ་ སྤྱི་ལོ་ ༡༩༣༥ སྤྱི་ཟླ་ ༡༢ པའི་ཚེས་ ༨ ལུ་ རྒྱ་གར་པཱན་ཇབ་ཀྱི་ ལུ་དྷི་ཡ་ན་ རྫོང་ཁག་འོག་ལུ་ ནཛ་ར་ལི་ཟེར་མི་ གཡུས་ཚན་ནང་ སྐྱེས་ཡོདཔ་ད་ སློབ་གྲྭའི་སློབ་དཔོན་ཨིན་མི་ ཁོ་རའི་ཨ་པ་གིས་ དྷ་རམ་སིང་ དེ་འཱོལ་ཟེར་ མིང་བཏགས་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390590
Views Today :
Total views : 5000
Who's Online :