འབྲུག་གི་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བང་ལ་དེཤ་ རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ གནང་པའི་སྐབས་ཀྱི་ མཉམ་འབྲེལ་གསལ་བསྒྲགས།

པདྨ་དབང་འདུས།
བང་ལ་དེཤ་ གདས་སྐབས་གཞུང་གི་ གྲོས་དཔོན་གཙོ་འཛིན་ མཧཱ་མེད་ ཡུ་ནུཛ་མཆོག་གིས་ མགྲོན་བརྡ་ཕུལ་མི་དང་བསྟུན་ཏེ་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་མཆོག་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་དང་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་ དེ་ལས་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕྱག་ཞུ་སྟེ་ སྤྱི་ཟླ་ ༡༡ པའིཚེས་ ༢༢ ལས་ ༢༤ ཚུན་ བང་ལ་དེཤ་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་པར་ བྱོན་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་མཆོག་ བང་ལ་དེཤ་ལུ་ བྱོན་ཡོད་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ དུས་ཡུན་རིངམོ་སྦེ་ཡོད་མི་ མཐུན་ལམ་བསྐྱར་གསོ་དང་ ལེགས་སྨོན་ཡོད་ལུགས་ཀྱི་ བརྡ་མཚོན་སྟོན་ཡོདཔ་ད་ བློན་ཆེན་མཆོག་ ཌ་ཀ་འི་གནམ་ཐང་ ཧཛ་རཱཏ་ཤ་ཧ་ཇ་ལཱལ་ལུ་ ཕེབས་པའི་སྐབས་ལུ་ གྲོས་དཔོན་གཙོ་འཛིན་མཆོག་དང་ དམག་མི་ཚུ་གིས་ སྟི་སྭ་དང་བཅསཔ་སྦེ་ ཕེབས་བསུ་ཞུ་ནུག།
གཟིགས་སྐོར་སྐབས་ལུ་ མི་རྗེ་བློན་ཆེན་གྱིས་ རང་སྲོག་བློས་བཏང་མིའི་ རྒྱལ་ཡོངས་དྲན་རྟེན་ལུ་ མེ་ཏོག་གི་ ཕྲེང་བ་ཕུལ་ཏེ་ བང་ལ་དེཤ་རྒྱལ་ཁབ་ རང་དབང་གི་དོན་ལས་ ཕྱད་མདའ་རྐྱབ་མི་ཚུ་གི་ གུས་བཏུད་ལུ་ རྒྱལ་ཡོངས་དྲན་རྟེན་དེ་ཁར་ སྔོ་ཤིང་ཅིག་ཡང་ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ བློན་ཆེན་མཆོག་གིས་ བང་ལ་དེཤ་གི་སྲིད་འཛིན་ མཧཱ་མེད་ ཤ་ཧབ་ཨུ་དིན་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ གྲོས་དཔོན་གཙོ་འཛིན་གྱིས་ མི་རྗེ་བློན་ཆེན་གྱི་དོན་ལས་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ནུག།
དེ་ལས་ གཞན་ཡང་ བང་ལ་དེཤ་གི་ ཕྱི་འབྲེལ་ལྷན་ཁག་གི་གྲོས་དཔོན་ མཧཱ་མེད་ ཏའུ་ཧིད་ཧོ་སེན་དང་ ཚོང་འབྲེལ་གྲོས་དཔོན་ བ་ཤིར་ཨུ་དིན་ ༢ ཡང་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ གཞུང་གི་དབུ་ཁྲིད་ ༢ ཀྱི་བར་ན་ ཡུན་རིང་གི་ མཐུན་ལམ་ལུ་ གཞི་བརྟེན་ཏེ་ ཚོང་འབྲེལ་དང་ མཐུད་སྦྲེལ་ མི་སེར་ཚུ་གི་བར་ནའི་ མཐུན་ལམ་ཚུ་བརྩིས་ཏེ་ ཟུང་ཕྱོགས་མཐུན་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ཡང་ ངེས་ཤེས་འདྲོངས་ཏོག་ཏོ་སྦེ་གནང་ནུག།
དེ་གི་ནང་ལས་ཡང་ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༧༡ སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ བང་ལ་དེཤ་དེ་ རང་དབང་ཅན་གྱི་ རྒྱལ་ཁབ་སྦེ་ ངོས་ལེན་མཛད་མི་ རྒྱལ་ཁབ་དང་པ་ཨིནམ་ལས་ གྲོས་དཔོན་གཙོ་འཛིན་གྱིས་ བང་ལ་དེཤ་ རང་དབང་གི་དོན་ལུ་ འབྲུག་གིས་ རྒྱབ་སྐྱོར་ཧྲིལ་བུར་མཛད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ དབུ་ཁྲིད་ ༢ ཀྱིས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བང་ལ་དེཤ་ལུ་ གཞུང་འབྲེལ་གཟིགས་སྐོར་ གནང་ཡོད་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་ལུ་ སྔར་བ་ལྷག་པའི་ བཙན་ཐབས་བྱུང་ཡོད་ལུགས་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ རྒྱལ་སྤྱིའི་གཟིགས་སྣང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ཡང་ བང་ལ་དེཤ་གི་ཁ་ཐུག་ལས་ ངལ་རངས་ཡོད་ལུགས་དང་ ཁྲོམ་ཚོགས་གོང་འཕེལ་གྱི་དོན་ལས་ མཉམ་འབྲེལ་འབད་ནི་ལུ་ཡང་ གྲ་སྒྲིག་ཡོདཔ་སྦེ་བཤད་ནུག།
དེ་བཟུམ་སྦེ་ ཀུ་རིག་རམ་ལུ་ འབྲུག་གི་དམིགས་བསལ་གྱི་ དཔལ་འབྱོར་ས་ཁོངས་ གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་ཀྱི་དོན་ལས་ མཉམ་འབྲེལ་ལས་བྱེད་ཚོགས་ཆུང་ གཞི་བཙུགས་འབད་མི་ལུ་ཡང་ ཡིད་ཆེས་འདྲོངས་ཏེ་ མཉམ་འབྲེལ་བརྩོན་ཤུགས་ཚུ་ཡང་ ལེགས་ཤོམ་ཨིན་པའི་ ཞལ་འཆམ་བྱུངཡོདཔ་ཨིན་པས།
གསུང་གྲོས་ཚུ་གི་སྐབས་ལུ་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ ཟུང་ཕྱོགས་ཚོང་འབྲེལ་དང་ སྒེར་སྡེ་བཙན་ཐབས་ གལ་ཆེ་བའི་སྐོར་ལས་ གཙོ་བོར་བཟུང་སྟེ་ གནང་ཡོདཔ་ད་ མི་རྗེ་བློན་ཆེན་གྱིས་ དཔལ་འབྱོར་དང་ ཚོང་འབྲེལ་ནང་ མཉམ་འབྲེལ་གྱི་དོན་ལུ་ བང་ལ་དེཤ་གི་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ཡང་ ཕྱད་གནང་ནུག།
བང་ལ་དེཤ་གི་ ཁ་ཐུག་ལས་ གཞུང་གི་བར་ནའི་ གནས་རིམ་ཁར་ འབྲུག་ལུ་ སྨན་རྫས་ཐོན་སྐྱེད་ཚུ་ མཁོ་སྤྲོད་འབད་ནི་གི་ གྲོས་འཆར་བཀོད་མི་དེ་ ཕྱོགས་གཉིས་ཆ་ར་གིས་ དེ་བཟུམ་མའི་ མཁོ་སྤྲོད་དེ་གིས་ འབྲུག་གི་དོན་ལུ་ གོང་ཚད་རན་པའི་ སྨན་རྫས་སྤུས་ཚད་ཅན་ཚུ་གི་ གོ་སྐབས་ཡར་དྲགས་ གཏང་ཚུགས་ནི་ཨིན་པའི་ ངོས་ལེན་ཡང་ གྲུབ་ཡོདཔ་ཨིན་པས།
རྒྱལ་ཁབ་ ༢ ཀྱི་བར་ན་ སྣུམ་འཁོར་འགྲུལ་བསྐྱོད་ཀྱི་ ཆིངས་ཡིག་ལྟར་དུ་ ཅཱན་ཏོ་ག་རམ་ འབབ་ཚུགས་ལས་ བུ་རི་མ་རི་ ས་ཐོག་འབབ་ཚུགས་ཀྱི་བར་ན་ ཅ་ཆས་སྐྱེལ་འདྲེན་གྱི་ མོ་བཏབ་ཀྱི་ལཱ་དེ་ཡང་ མཇུག་བསྡུ་དོ་ཡོདཔ་ལས་ ཆིངས་ཡིག་ལག་ལེན་དེ་ ལེགས་ཤོམ་སྦེ་ འགྱོ་དོ་ཡོད་པའི་ ངེས་ཤེས་འདྲོངས་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གཟིགས་སྐོར་སྐབས་ལུ་ བང་ལ་དེཤ་གི་ གསོ་རིག་གཙུག་ལག་སློབ་སྡེ་ཚུ་ནང་ འབྲུག་པའི་སློབ་ཕྲུག་ཚུ་གི་དོན་ལས་ དྲུང་འཚོ་སློབ་སྦྱོང་གི་ ལོ་བསྟར་ས་སྟོང་ ༣༠ གུ་ ཡར་སེང་འབད་དེ་ བྱིན་མི་ལུ་ བློན་ཆེན་གྱི་ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ གསུངས་ཡོདཔ་ད་ ཕྱོགས་གཉིས་རའི་ཁ་ཐུག་ལས་ མི་སྟོབས་གོང་འཕེལ་དང་ མཐུད་སྦྲེལ་ བལྟ་བཤལ་དང་ ལམ་སྲོལ་ཚུ་བཟུམ་མའི་ གནད་དོན་མ་འདྲཝ་ཚུ་ནང་ ད་ལྟོ་ཡོད་མི་ མཉམ་འབྲེལ་ཚུ་ཡང་ ཡིད་ཆེས་འདྲོངས་པའི་ གནས་ཚད་ཁར་ཡོད་ལུགས་ བཤད་ཡོད་པ་ཨིན་པས།
ད་རེས་ བློན་ཆེན་གྱི་ གཟིགས་སྐོར་སྐབས་ལུ་ རྒྱལ་ཁབ་ཀྱི་ དབུ་ཁྲིད་ ༢ ཀྱི་ སྐུ་མདུན་ལུ་སྦེ་ རྒྱལ་སྤྱིའི་ཡོངས་འབྲེལ་ཁྱབ་ཚད་དང་ བརྒྱུད་འབྲེལ་གྱི་ ཞབས་ཏོག་ཚུ་ ཚོང་སྒྱུར་དང་ གསོ་བའི་མི་སྟོབས་ བསྐོ་བཞག་བཅས་ གནད་དོན་ཁག་ ༢ ཀྱི་ གོ་དོན་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།
ཟུང་ཕྱོགས་མཉམ་འབྲེལ་ བཙན་ཐབས་ལུ་ བང་ལ་དེཤ་གི་ ཁ་ཐུག་ལས་ བང་ལ་དེཤ་གི་ བཟོ་རིག་དང་ འཕྲུལ་རིག་གཙུག་ལག་སློབ་སྡེའི་ནང་ འབྲུག་པའི་སློབ་ཕྲུག་ཚུ་གིས་ བཟོ་རིག་སློབ་སྦྱོང་གི་དོན་ལས་ ལོ་བསྟར་བཞིན་དུ་ ས་སྟོང་ ༡༠ རེ་ བཞག་ནི་དང་ བང་ལ་དེཤ་ རྩེད་རིགས་ཤེས་ཡོན་སྤེལ་ཁང་ནང་ འབྲུག་པའི་སློབ་ཕྲུག་ཚུ་གིས་ རྩེད་རིགས་ཀྱི་ཤེས་ཚད་ ཌིབ་ལོ་མའི་དོན་ལུ་ ས་སྟོང་ ༡ དང་ འབྲུག་པའི་རྩེད་རིགས་སྡེ་ཚན་ཚུ་གིས་ བང་ལ་དེཤ་གི་ རྩེད་ཐང་སྤྱོད་ཆོགཔ་བཟོ་ནི་ དེ་ལས་ འབྲེལ་ཡོད་ཆོས་ཚན་ཚུ་ནང་ ཁྱད་རིག་སྦྱོང་བརྡར་ལས་རིམ་ཚུ་གི་ གོ་སྐབས་ཡང་ བྱིན་ནི་ཨིན་པས།
ད་རུང དབུ་ཁྲིད་གཉིས་ཆ་རའི་ ཁ་ཐུག་ལས་ ཟུང་ཕྱོགས་མཉམ་འབྲེལ་དང་ གཞན་ཡང་ སཱག་དང་ བིམ་སི་ཊེག་ཚུ་བཟུམ་མའི་ གྲོས་གནས་དང་ མཐའ་དོན་གཅིག་པའི་ བརྩི་མཐོང་དང་ གུས་ཞབས་ གོ་རྟོགས་ དེ་ལས་ ཞི་བདེ་དང་ ལོངས་སྤྱོད་ཀྱི་ རེ་འདུན་ཚུ་གི་ གཞི་རྩ་ལུ་ གཞི་བརྟེན་ཐོག་ལས་ རྒྱལ་སྤྱི་དང་ ལུང་ཕྱོགས་ དེ་ལས་ ནང་གསེས་ལུང་ཕྱོགས་ཀྱི་ མཉམ་འབྲེལ་ཚུ་ལུ་ཡང་ ཁས་ལེན་གྲུབ་ནུག།
མི་རྗེ་བློན་ཆེན་གྱིས་ བང་ལ་དེཤ་ལུ་ བློན་ཆེན་གྱི་ འཐུས་མི་སྡེ་ཚན་ལུ་ མཐུན་བཤེས་ཅན་གྱི་ བསུ་བ་དང་ མགྲོན་སྐྱོང་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ གསུངས་པའི་ཁར་ བང་ལ་དེཤ་གི་ གྲོས་དཔོན་གཙོ་འཛིན་ མཧཱ་མེད་ ཡུ་ནུཛ་ཡང་ བྱ་སྟབས་བདེ་བའི་ དུས་སྐབས་ནང་ འབྲུག་ལུ་ བྱོན་དགོ་པའི་ མགྲོན་བརྡ་གནང་ཡོདཔ་ད་ དབུ་ཁྲིད་གཉིས་ཆ་ར་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཡུན་བརྟན་ཅན་གྱི་ མཉམ་འབྲེལ་ལུ་ ཁས་ལེན་བསྐྱར་གསོ་ཚུ་ མཛད་གནང་ཡོད་པའི་གནས་ཚུལ།

Please follow and like us: