
མགོན་པོ་རྡོ་རྗེ།
དུས་ཅི་ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༨ པའི་ དགའ་སྟོན་རྟེན་འབྲེལ་ གཙོ་བོ་འདི་ བུམ་ཐང་ལུ་ བརྩི་སྲུང་ཞུ་ནི་ཨིནམ་ད་ ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ འདི་ ང་བཅས་རའི་ རྒྱལ་རབས་ནང་ བྱིན་རླབས་ཅན་གྱི་ དུས་ཆེན་ཁྱད་པར་ཅན་ཅིག་དང་ འབྲུག་པའི་མི་སེར་ཚུ་གི་དོན་ལུ་ ག་ནི་བ་ ཁྱད་དུ་འཕགས་པའི་ དུས་སྟོན་བཟང་པོ་ཅིག་ཨིན་པས།
དེ་ཡང་ སྤྱི་ལོ་ ༡༩༠༧ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཟིང་འཁྲུག་ཅན་གྱི་ ལྷ་མི་སྲིད་སྡེ་ཡོངས་ཀྱིས་ རྒྱལ་ཁབ་གཅིག་བསྒྲིལ་གྱི་དོན་ལུ་ དམ་ཚིག་གཙང་མའི་སྒོ་ལས་ ཀྲོང་གསར་དཔོན་སློབ་ གོང་ས་ཨྱོན་དབང་ཕྱུག་མཆོག་ལུ་ གན་རྒྱ་དང་བཅསཔ་སྦེ་ རྒྱལ་ཁབ་ཀྱི་ དབང་ཆ་ཧྲིལ་བུར་ཕུལ་ནུག།
དུས་དེ་ལས་ཚུར་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་ ཕྱག་འགན་ཚུ་ དབང་ཕྱུག་བརྒྱུད་འཛིན་གྱི་ མི་དབང་རིམ་བྱོན་ཚུ་གིས་ བཞེས་གནངམ་བཞིན་དུ་ ད་ཚུན་གྱི་བར་ན་ རྒྱལ་ཁབ་འདི་ རང་དབང་རང་བཙན་ཐོག་ལུ་ དགའ་ལྡན་ལྷ་ཡུལ་བཟུམ་སྦེ་ དགའ་བདེའི་དཔལ་ལུ་ ལོངས་སྤྱོད་བཞིན་དུ་ཡོདཔ་ཨིན།
འདི་བཟུམ་མའི་ དགའ་བདེའི་དཔལ་ལུ་ ལོངས་སྤྱོད་ནི་གི་ གོ་སྐབས་ཐོབ་མི་ཚུ་ག་ར་ མི་དབང་ཡབ་མེས་རིམ་བྱོན་ཚུ་གི་ སྐུ་དྲིན་ཁོ་ན་ལུ་བརྟེན་ཏེ་ཨིནམ་ལས་ རྒྱལ་ཡོངས་དུས་ཆེན་འདི་ཁར་ འབྲུག་པའི་མི་སེར་ཡོངས་ཀྱིས་ བཀྲིན་དགའ་ཚོར་དང་ གུས་བཏུད་ཞུ་ནི་གི་ དུས་ཚོད་བཟང་པོ་ཅིག་ཨིན་པས།
ད་རེས་ རྒྱལ་ཡོངས་དུས་ཆེན་འདི་ བུམ་ཐང་ལུ་ བརྩི་སྲུང་ཞུ་ནི་དང་འབྲེལ་ཏེ་ མི་དབང་ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ག་ར་ འབྲུག་པའི་མི་སེར་ཡོངས་ཀྱི་ སྐྱབས་མགོན་ལུ་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་པའི་ བཀྲ་ཤིས་སྨོན་ལམ་ ཕུལ་དགོཔ་འདི་ གལ་ཆེ་ནི་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390218
Views Today :
Total views : 5000
Who's Online :