ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཟླ་ངོ་ ༡ གི་རིང་ལུ་ དབང་ལུང་ཁྲིད་ ༣ གནང་མི་དེ་ རང་ཟླ་ ༥ པའི་ཚེས་ ༣༠ ལུ་ འགྲོལ་གནང་ནི།

མགོན་པོ་རྡོ་རྗེ།

རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལས་ འགོ་བཙུགས་ཏེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཟླ་ངོ་ ༡ གི་རིང་ལུ་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ དཀྱིལ་འཁོར་རྡོ་རྗེ་འཕྲེང་བའི་ བཀའ་དབང་དང་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༥ པའི་ཚེས་ ༣༠ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ མགོན་པོ་སྟོང་ཚོགས་ཀྱི་ ཚོགས་འཁོར་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིན་པས།

དེ་ཡང་ རང་ཟླ་ ༥ པའི་ཚེས་ ༢༨ སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀའ་ཁྲིད་ཟབ་མོ་ཞུ་མི་ རྡོ་རྗེ་སྤུན་ཚུ་ལུ་ ཆོས་མིང་གནང་ནི་དང་ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ ག་ནི་བ་ ཟབ་པ་དང་ རྒྱ་ཆེ་བའི་ དབང་ལུང་ཁྲིད་ ༣ གྱི་ ལས་རིམ་གལ་ཅན་དེ་ མཇུག་བསྡུ་གནང་ནི་ཨིན་ཟེར་ གསལ་བསྒྲགས་ཅིག་ནང་བཀོད་ནུག།

དེ་བཟུམ་མའི་ དབང་ལུང་ཁྲིད་ ༣ གནང་ནི་ འགོ་བཙུགས་གནང་པའི་ ཉིནམ་དང་པ་ཚུར་ གནམ་ཁ་ལུ་ འཇའ་མཚོན་སྣ་ལྔའི་ གུར་ཁྱིམ་སྤུབས་ནི་ལ་སོགས་པའི་ རྟགས་མཚན་ལེ་ཤ་ཅིག་ མི་དམངས་ཀུན་གྱི་ མཐོང་སྣང་ལུ་ འཕྲལ་འཕྲལ་སྦེ་ར་ ཤར་མི་དེ་ ག་ནི་བ་ ཕུན་སུམ་ཚོགས་པའི་ རྟེན་འབྲེལ་བཟང་པོ་ཅིག་ཨིན་པས།

དེ་སྦེ་ ཟླ་ངོ་ ༡ གི་རིང་ལུ་ དབང་ལུང་ཁྲིད་ ༣ ཞུ་ནིའི་དོན་ལས་ བླ་སློབ་དང་ འཕགས་པའི་དགེ་འདུནམ་ཚུ་གིས་ དབུ་གཙོས་པའི་ དད་ལྡན་སེར་སྐྱ་ཕོ་མོ་ ཁྲི་ཕྲག་སྦེ་ སྤུངས་འཛོམས་འབད་མི་ཚུ་ལུ་ དབང་ལུང་འགོ་འདྲེན་འཐབ་མིའི་ ཁ་ཐུག་ལས་ དྲོ་པའི་དྲོ་མཛར་ལས་ འགོ་བཙུགས་ཏེ་ ཉིན་མའི་གསོལཝ་དང་ ཉིན་ཡོལ་གསོལ་ཇ་ཚུ་ ཉིན་བསྟར་བཞིན་དུ་ དྲང་དོ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: