སྤ་རོ་སྟག་ཚང་ལུ་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ རྒྱལ་ཁབ་དང་ བསྟན་སྤྱིའི་སྐུ་རིམ་།

སྤ་རོ་སྟག་ཚང་ལུ་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ མཁན་པོ་ཀུན་བཟང་འཕྲིན་ལས་མཆོག་ དབུ་བཞུགས་ཐོག་ལས་ ཡོན་ཏན་སྡེ་ཚན་གྱི་ དགེ་འདུན་པ་ ཞལ་གྲངས་ ༥༠ ལྷགཔ་ཅིག་གིས་ ལོ་བསྟར་གནང་སྲོལ་ཡོད་པའི་ རྒྱལ་ཁབ་དང་ བསྟན་སྤྱིའི་སྐུ་རིམ་ དགོངས་འདུས་སྒྲུབ་ཆེན་དང་ ཚེ་དཔག་མེད་སྒྲུབ་ཆེན་ ཕུར་པའི་སྒྲུབ་ཆེན་ཚུ་ ཉིན་གྲངས་ ༢༡ གི་རིང་ལུ་ གནང་དོ་ཡོདཔ་སྦེ་ གཞུང་གྲྭ་ཚང་གི་ གདོང་དེབ་ནང་བཀོད་ནུག།

དེ་ཡང་ རང་ཟླ་ ༥ པའི་ཚེས་ ༩  སྤྱི་ཟླ་ ༦ པའི་ཚེས་ ༢༣ ལས་ རང་ཟླ་ ༥ པའི་ཚེས་ ༡༥ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ དགོངས་འདུས་སྒྲུབ་ཆེན་དང་ རང་ཟླ་ ༥ པའི་ཚེས་ ༡༦ ལས་ ༢༢ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ ཚེ་དཔག་མེད་སྒྲུབ་ཆེན་ གནང་ཡོདཔ་མ་ཚད་ རང་ཟླ་ ༥ པའི་ཚེས་ ༢༣ ལས་ འགོ་བཙུགས་ཏེ་བདུན་ཕྲག་ ༡ གི་རིང་ལུ་གནང་མི་ ཕུར་པའི་སྒྲུབ་ཆེན་དེ་ཡང་ རང་ཟླ་ ༥ པའི་ཚེས་ ༢༩ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ འགྲོལ་གནང་ནི་ཨིན་པས།

དེ་ཚེ་ རང་ཟླ་ ༥ པའི་ཚེས་ ༣༠ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལས་ སྤྱི་ཟླ་ ༧ པའི་ཚེས་ ༡༦ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ གུ་རུ་རིན་པོ་ཆེའི་ སྒྲུབ་ཁང་དང་ གཏེར་ཕུར་ཡབ་ཡུམ་ དེ་ལས་ དུས་རབས་ ༡༧ པའི་ནང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ བཞེངས་གནང་མི་ རྒྱལ་སྲས་རང་གི་ཕྱག་བཟོ་ ཕུར་པ་ ༡༣༥ ལ་སོགས་པའི་ ནང་རྟེན་ཚུ་ཡང་ མི་དམངས་ལུ་ མཇལ་ཁ་གནང་ནུག

སྒྲུབ་ཆེན་དེ་ སྤྱི་ལོ་ ༡༦༩༤ ལུ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་ སྟག་ཚང་ལུ་ ལྷ་ཁང་གསར་བཞེངས་ གནང་མི་དང་བསྟུན་ཏེ་ འགོ་བཙུགས་གནང་ཡོདཔ་ལས་ ད་ཚུན་གྱི་བར་ན་ མི་ལོ་ ༣༣༢ འཁོར་ཡོད་པའི་གནས་ཚུལ།

Please follow and like us: