
མགོན་པོ་རྡོ་རྗེ།
འབྲུག་རྒྱལ་ཡོངས་ཀྱི་ ཆོས་ཀྱི་དབུ་ཁྲིད་དམ་པ་ རྗེ་མཁན་ཁྲི་རབས་བདུན་ཅུ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ ཟླ་ངོ་ ༡ གི་རིང་ལུ་ དཀྱིལ་འཁོར་རྡོ་རྗེ་འཕྲེང་བའི་ དབང་ལུང་ཁྲིད་ ༣ དང་ བཀའ་ཁྲིད་ཟབ་མོ་ བཀྲིན་བརྩལ་གནང་མི་དེ་ རང་ཟླ་ ༥ པའི་ཚེས་ ༣༠ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ བཀའ་དྲིན་གཏང་རག་ མགོན་པོའི་སྟོང་ཚོགས་དང་བཅསཔ་སྦེ་ གྲོལ་གནང་ཡི།
དེ་གི་ཧེ་མ་ རང་ཟླ་ ༥ པའི་ཚེས་ ༢༩ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་གཙོས་པའི་ བླ་སློབ་ལྷན་རྒྱས་ཚུ་དང་ འབྲུག་གཞུང་གི་སྐུ་ཚབ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ འབྲུག་གི་ཁྲིམས་སྤྱི་བློན་པོ་ ལྡོག་ཕྱོགས་འགོ་ཁྲིདཔ་ བློན་པོ་ལྷན་རྒྱས་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ གཙོ་འཛིན་གུང་བློན་ སྐུ་སྒེར་ཚོགས་སྡེའི་ གཙོ་འཛིན་ཚུ་ ལྷན་འཛོམས་ཐོག་ལས་ ཟབ་ཆོས་ཀྱི་བདུད་རྩི་ ཉམས་སུ་མྱོང་བའི་ གཏང་རག་དང་ དགའ་སྟོན་གྱི་ རྟེན་འབྲེལ་མཚོན་བྱེད་ལུ་ ཕུན་སུམ་ཚོགས་པའི་ མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་ནུག།
དེ་ཡང་ བཀའ་དྲིན་འགྲན་ཟླ་མེད་པའི་ རྩ་བའི་བླ་མ་ ཁྱབ་བདག་འཁོར་ལོའི་མགོན་པོ་མཆོག་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་ཏེ་ རྨད་བྱུང་གི་ མཛད་པ་འཕྲིན་ལས་ཚུ་ ནམ་མཁའི་མཐའ་དང་མཉམ་པར་རྒྱས་ཏེ་ མཁའ་མཉམ་གྱི་ འགྲོ་བ་མ་ལུས་པ་ག་ར་ ཐར་པའི་ལམ་ལུ་འདྲེན་པའི་ སྨོན་ལམ་རྣམ་དག་དང་བཅས་ཏེ་ གུས་བཏུད་ཆེན་པོའི་སྒོ་ལས་ ཕུལ་ཡོདཔ་ཨིན་པས།
དེ་མ་ཚད་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ ཐུགས་རྗེ་ཆེན་པོའི་ བྱིན་རླབས་ཀྱིས་ འབྲུག་གི་རྩ་བ་གསུམ་ལུ་ བདེ་སྐྱིད་དང་ ཞི་བདེའི་སྣང་བ་ ཉི་ཟླ་ལྟར་དུ་ རྟག་པར་གསལ་བའི་ ཐུགས་སྨོན་ཞུ་ནིའི་དོན་ལུ་ བཀྲ་ཤིས་པའི་ རྟེན་འབྲེལ་གྱི་ གནད་ལུ་སྦེ་ཡང་ ཕུལ་ཡོད་པའི་གནས་ཚུལ།






Users Today : 3269
Users Yesterday : 3715
This Month : 66557
This Year : 503550
Total Users : 1215366
Views Today : 6087
Total views : 3263948
Who's Online : 18