
རང་ཟླ་ ༦ པའི་ཚེས་ ༨ སྤྱི་ཟླ་ ༧ པའི་ཚོས་ ༢༢ ལུ་ དགེ་རབ་གྲྭ་ཚང་ མི་སྟོབས་གོ་གནས་ གཞི་བཀོད་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ འཐུས་མི་ཚུ་ གསར་བསྐོས་གནང་ཡོདཔ་ཨིན་པས།
དེ་ཡང་ གཞི་བཀོད་ལྷན་ཚོགས་ཀྱི་ཁྲི་འཛིན་ བླམ་ཀུན་བཟང་སྟོབས་རྒྱས་མཆོག་གིས་ དབུ་གཙོས་པའི་ འདུས་ཚོགས་ ༥ གི་ དྲུང་ཆེན་ ༥ དང་ བདག་སྐྱོང་གཙོ་འཛིན་བཅས་ ལྷག་བསམ་དང་ མཁྱེན་རིག་མངོན་པར་མཐོ་བའི་ འཐུས་མི་ ༦ བསྐོ་བཞག་གནང་ནུག།
དགེ་རབ་གྲྭ་ཚང་ མི་སྟོབས་གོ་གནས་ གཞི་བཀོད་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ འཐུས་མི་ཚུ་གིས་ དགེ་རབ་གྲྭ་ཚང་ཚུ་གི་ གོ་གནས་ཆེ་ཆུང་གི་རིམ་པ་ཚུ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ དབྱེ་ཞིབ་དང་ གསུང་གྲོས་ཚུ་གནང་སྟེ་ འདེམས་བསྐོས་ཀྱི་ མཛད་སྒོ་ཚུ་ ཡོངས་སུ་རྫོགསཔ་སྦེ་ འགྲུབ་དགོ་པའི་ཁར་ མི་སྟོབས་འཛིན་སྐྱོང་དང་འབྲེལ་བའི་ ཕྱག་འགན་ཚུ་ཡང་ བཞེས་གནང་ནི་ཨིན་པས།
དེ་མ་ཚད་ འབྲེལ་ཡོད་ལས་སྡེ་གཞན་དང་གཅིག་ཁར་ཡང་ མཐུན་ལམ་དང་ འབྲེལ་བ་དམ་ཟབ་ཐོག་ལས་ སངས་རྒྱས་ཀྱི་ སྟན་པ་རིན་པོ་ཆེ་དང་ འགྲོ་བའི་སེམས་ཅན་ཡོངས་ལུ་ཕན་པའི་ ཕྱག་འགན་ཚུ་ཡང་ བཞེས་གནང་ནི་ཨིན་ཟེར་ གཞུང་གྲྭ་ཚང་གི་ གཞུང་འབྲེལ་དོང་དེབ་ནང་ བཀོད་གནང་ནུག།
དགེ་རབ་གྲྭ་ཚང་ མི་སྟོབས་གོ་གནས་ གཞི་བཀོད་ལྷན་ཚོགས་དེ་ འདུས་དམངས་ལྷན་ཚོགས་ཀྱི་ དགོངས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ནང་ འཐུས་མི་ ༤ བསྐོ་བཞག་ཐོག་ལུ་ ཡིག་ཚང་དང་བཅསཔ་སྦེ་ གཞི་བཙུགས་གནང་ཡོད་པའི་གནས་ཚུལ།





Users Today : 2845
Users Yesterday : 3410
This Month : 89343
This Year : 526336
Total Users : 1238153
Views Today : 4336
Total views : 3296463
Who's Online : 16