
པདྨ་དབང་འདུས།
འབྲུག་གི་ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ རྒྱ་འབྲུག་མཉམ་འབྲེལ་གོང་འཕེལ་གྱི་ གསུང་གྲོས་ཐེངས་ ༥ པ་དེ་ སྤྱི་ཟླ་ ༧ པའི་ཚེས་ ༣༠ དང་ ༣༡ ལུ་ འགོ་འདྲེན་འཐབ་ནུག།
དེ་ཡང་ ཕྱི་འབྲེལ་དྲུང་ཆེན་ པདྨ་ལེགས་གྲུབ་རྡོ་རྗེ་གིས་ མགྲོན་བརྡ་འབད་མི་དང་འཁྲིལ་ཏེ་ རྒྱ་གར་གཞུང་གི་ ཕྱི་འབྲེལ་དྲུང་ཆེན་ བིག་རམ་མིཛ་རི་དེ་ རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ལུ་ བྱོན་ཡོདཔ་ཨིན་པས།
དེ་བསྒང་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་དང་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་གྱི་ སྐུ་མདུན་ལུ་ཡང་བཅར་ནུག།
རྒྱ་འབྲུག་མཉམ་འབྲེལ་གོང་འཕེལ་གྱི་ གསུང་གྲོས་ནང་ གོང་འཕེལ་མཉམ་འབྲེལ་དང་ ནུས་ཤུགས་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ མཐུད་སྦྲེལ་ དེ་ལས་ རྒྱ་འབྲུག་གི་ མི་སེར་ཚུ་གི་བར་ན་ མཐུན་ལམ་དང་ མཐའ་དོན་གཅིག་པའི་ ལུང་ཕྱོགས་ཀྱི་ གནད་དོན་ཚུ་དང་ ཟུང་ཕྱོགས་མཉམ་འབྲེལ་གྱི་ གནད་དོན་ཡོངས་རྫོགས་ཀྱི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ རྒྱ་གཞུང་གི་གྲོགས་རམ་ དངུལ་ཀྲམ་ཐེར་འབུམ་ ༡༠༠ འབད་མིའི་ སྤྱིར་བཏང་ཡར་འཕེལ་ཚུ་ཡང་ བསྐྱར་ཞིབ་འབད་ཡོདཔ་ད་ རྒྱབ་སྐྱོར་དེ་ཡང་ ལས་འགུལ་དང་འབྲེལ་བའི་ གྲོགས་རམ་དང་ ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་ དཔལ་འབྱོར་ལྷན་ཐབས་ལས་རིམ་ དེ་ལས་ ལས་རིམ་གནང་སྦྱིན་ཚུ་གི་དོན་ལུ་ གནང་ཡོདཔ་སྦེ་བཀོད་ནུག།
ད་རེས་ ལས་འགུལ་དང་འབྲེལ་བའི་ གྲོགས་རམ་ཐོག་གི་ ལས་འགུལ་ཁག་ ༡༢ ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༣,༣༢༠ ལུ་ གནང་བ་གྲོལ་ཡོདཔ་ད་ ལས་འགུལ་དེ་ནང་ གཞི་རྟེན་མཁོ་ཆས་དང་ གསོ་བའི་སྐྱོང་བཞག་ སོ་ནམ་ དེ་ལས་ ཁྲོམ་སྡེའི་མཁོ་བྱད་དང་ རྐྱེན་ངན་འཛིན་སྐྱོང་ཚུ་ ཚུད་དོ་ཡོདཔ་ཨིན་པས།
ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ རྒྱ་གཞུང་གི་ ལས་འགུལ་དང་འབྲེལ་བའི་ གྲོགས་རམ་ཐོག་ལུ་ ལས་འགུལ་བསྡོམས་ ༨༢ ཚུད་དེ་ཡོདཔ་ད་ མ་དངུལ་གྱི་ཐེད་ཁར་ དངུལ་ཀྲམ་ས་ཡ་ ༦༨,༦༠༠ དེ་ཅིག་ཨིན་པའི་གུ་ རྒྱ་གཞུང་གིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་དོན་ལུ་ ད་ཚུན་གྱི་བར་ན་ དངུལ་ཀྲམ་ས་ཡ་ ༡༢,༥༠༠ དང་ ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་རིམ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༧,༣༥༢ ལས་རིམ་གནང་སྦྱིན་སྦེ་ དངུལ་ཀྲམ་ས་ཡ་ ༢,༠༠༠ འཛིན་གྲོལ་འབད་ནུག།
གསུང་གྲོས་སྐབས་ལུ་ གྲལ་གཏོགས་འབད་མི་ རྒྱ་གཞུང་སྡེ་ཚན་གྱི་ ཁ་ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱ་གར་གཞུང་གི་ བློན་ཆེན་གྱི་ དགོངས་བཞེད་དང་ འབྲུག་གཞུང་དང་ མི་སེར་ཚུ་གི་ གཙོ་རིམ་ཚུ་ལུ་ གཞི་བརྟེན་ཏེ་ འབྲུག་གཞུང་གི་ གོང་འཕེལ་གྲོས་གཞི་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ ཁས་ལེན་བསྐྱར་གསོ་འབད་ཡོདཔ་ལས་ འབྲུག་གཞུང་གི་ཧོངས་ལས་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
རྒྱ་འབྲུག་ཕྱི་འབྲེལ་དྲུང་ཆེན་ ༢ ཀྱིས་ ལས་འགུལ་དང་འབྲེལ་བའི་ གྲོགས་རམ་ཐོག་ལས་ སྔོ་ལྗང་གཞི་རྟེན་མཁོ་ཆས་དང་ ས་སྟོང་ལས་འགུལ་འོག་ལུ་ བཟོ་བསྐྲུན་འབད་དེ་ཡོད་མི་ ཐིམ་ཕུ་སྐྱེ་ལྡན་གླིང་ག་དང་ ཨོ་ལ་ཁ་གླིང་ག་ ༢ ཡོངས་འབྲེལ་ཐོག་ལས་སྦེ་ འགོ་འབྱེད་མཛད་ཡོདཔ་མ་ཚད་ ལས་འགུལ་དང་འབྲེལ་བའི་ གྲོགས་རམ་འོག་ལུ་ ཉོ་བསྒྲུབས་འབད་མི་ གློག་འཕྲུལ་སྣུམ་འཁོར་ ༤༥ ཡང་ འབྲུག་གཞུང་ལུ་ རྩིས་སྤྲོད་འབད་ནུག།
དེ་ལས་ གཞན་ཡང་ འབྲུག་གི་ནུས་ཤུགས་ལས་འགུལ་ཚུ་གི་དོན་ལུ་ འབྲུག་གཞུང་དང་ རྒྱ་གར་གྱི་ ཨེག་སིམ་དངུལ་ཁང་གི་བར་ན་ རུ་པི་ཐེར་འབུམ་ ༤ གི་ སྐྱིན་འགྲུལ་ཆིངས་ཡིག་དང་ དིལླི་ཨཱོལ་ཨིན་ཌི་ཡ་ གསོ་བའི་ཚན་རིག་སློབ་སྡེ་དང་ འབྲུག་གེ་སར་རྒྱལ་པོ་ གསོ་བའི་ཚན་རིག་ གཙུག་ལག་སློབ་སྡེའི་བར་ན་ གསོ་བའི་ཤེས་ཡོན་དང་ སྦྱོང་བརྡར་གྱི་ ཞིབ་འཚོལ་དང་ བརྗེ་སོར་ལས་རིམ་ནང་ཡང་ མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག་ཚུ་ བརྗེ་སོར་འབད་ཡོདཔ་ཨིན་པས།
ཤུལ་མའི་གསུང་གྲོས་དེ་ རྒྱ་གར་གྱི་རྒྱལ་ས་ ནིའུ་དིལླི་ལུ་སྦེ་ བྱ་སྟབས་བདེ་བའི་ དུས་ཚོད་ཁར་ གནང་ནི་སྦེ་ ཞལ་འཆམ་བྱུང་ཡོད་པའི་གནས་ཚུལ།






Users Today : 3897
Users Yesterday : 3471
This Month : 7368
This Year : 561162
Total Users : 1272978
Views Today : 5049
Total views : 3345909
Who's Online : 11