
མགོན་པོ་རྡོ་རྗེ།
ནང་པ་སངས་རྒྱས་པའི་ དགེ་འདུན་གྲྭ་ཚང་དང་ བཤད་གྲྭ་ཁག་གི་ནང་ ལོ་བསྟར་བཞིན་དུ་ ཟླ་ངོ་ཕྱེད་དང་ ༢ ཀྱི་རིང་ལུ་ དབྱར་གནས་སྲུང་སྲོལ་ཡོད་མི་དེ་ རང་ཟླ་ ༦ པའི་ཚེས་ ༡༥ ལུ་ གསོ་སྦྱོང་བླངས་ཏེ་ རང་ཟླ་ ༦ པའི་ཚེས་ ༡༦ སྤྱི་ཟླ་ ༧ པའི་ཚེས་ ༣༠ ལས་ དབྱར་གནས་འཚོགས་ནི་ འགོ་བཙུགས་གནང་ཡོདཔ་ཨིན་པས།
དེ་བཟུམ་མའི་ དབྱར་གནས་སྲུང་སྲོལ་དེ་ཡང་ ཧེ་མར་ རྒྱ་གར་ལུ་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ དགེ་སློང་ཚུ་ལུ་ ཆོས་ཀྱི་འཁོར་ལོ་བསྐོར་གནངམ་ད་ དུས་རྒྱུན་གྱི་འཚོ་བ་ བསོད་སྙོམས་ལུ་བརྟེན་ཏེ་ བཞུགས་དགོ་ནི་དེ་གིས་ དགེ་སློང་ཚུ་ ཕར་ཚུར་བྱོནམ་ད་ རྐང་མ་གིས་ མིག་གིས་མ་མཐོང་པའི་ འབུབ་ཚུ་བསད་པ་ལུ་བརྟེན་ཏེ་ ཕྱི་རོལ་མུ་སྟེགས་པ་ཚུ་གིས་ ཁ་བཏང་ནུག།
དེ་འབདཝ་ལས་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཕྱི་རོལ་མུ་སྟེགས་པའི་ འཕྱར་ཁ་ཟློག་ཐབས་ལུ་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཟླ་ངོ་ ༣ གྱི་རིང་ལུ་ དགེ་སློང་ཚུ་ ཕར་ཚུར་བྱོན་མ་ཆོག་པའི་ བཀའ་རྒྱ་གནང་སྟེ་ ཚུལ་ཁྲིམས་ཡང་དག་གི་སྒོ་ལས་ ཆོས་འབད་བཅུག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ཡང་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ལུས་ངག་ཡིད་གསུམ་གྱི་སྒོ་ལས་ སྡིག་སྒྲིབ་སྤང་ནི་དང་ སྤང་རྟོགས་ཀྱི་ ཡོན་ཏན་ཚུ་ ཚུལ་ཁྲིམས་རྣམ་དག་གི་སྒོ་ལས་ ཉམས་སུ་བླངས་ཐབས་ལུ་ དབྱར་གནས་ཀྱི་ སྲོལ་བཟང་དང་པ་ ལྕགས་རི་རྡོ་རྗེ་གདན་ལས་ འགོ་བཙུགས་གནང་ནུག།
དབྱར་གནས་ཀྱི་སྐབས་ལུ་ དགེ་སློང་ཚུ་ ཕྱི་ཁར་བྱོན་མ་ཆོག་པའི་ཁར་ ཉིན་བསྟར་བཞིན་དུ་ ཉིན་མའི་ཆུ་ཚོད་ ༡༢ ལས་ དྲོ་པའི་ཆུ་ཚོད་ ༦ ཚུན་ ཁ་ཟས་ཀྱི་རིགས་ཚུ་ཡང་སྤངས་ཏེ་ གསོ་སྦྱོང་ཡན་ལག་བཞི་དང་ དགག་དབྱེ་བཞི་ བསྙེན་གནས་ཡན་ལག་བརྒྱད་ཀྱི་ སྡོམ་པ་ཚུ་ སྲུང་ཐོག་ལུ་ བཞུགསཔ་ཨིན་པས།
དེ་བསྒང་ ང་བཅས་རའི་ དད་ལྡན་མི་སེར་ཚུ་གིས་ དགེ་སློང་ཚུ་ལུ་ རང་སོའི་འབྱོར་པ་དང་བསྟུན་པའི་ གསོལ་ཚོགས་དང་ ཉེར་མཁོའི་མཐུན་རྐྱེན་ཚུ་གི་ ཞབས་ཏོག་ཚུ་ ཞུ་བ་ཅིན་ ཚོགས་བསགས་སྒྲིབ་སྦྱང་གི་ ཕན་ཡོན་སྦོམ་ཡོད་ཟེར་ རྒྱལ་བ་གོངམ་ཚུ་གིས་ གསུངསམ་ཨིན་པའི་གནས་ཚུལ།





Users Today : 3907
Users Yesterday : 3471
This Month : 7378
This Year : 561172
Total Users : 1272988
Views Today : 5065
Total views : 3345925
Who's Online : 15