
ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ ཐད་འཕུར་གནམ་གྲུ་ ཧེ་ལི་ཀོབ་ཊར་གྱི་ཐོག་ལས་ ས་གཏེར་བརྟག་དཔྱད་འབད་བའི་སྐབས་ལུ་ གཏེར་རྫས་ཊངཛ་ཊེན་དང་ ཟངས་ཀྱིས་གཙོས་པའི་ རིན་ཐང་ཅན་གྱི་་ གཏེར་ཁ་མང་རབས་ཅིག་ཡོད་པའི་ ཤེས་རྟོགས་བྱུང་ནུག།
དེ་ཡང་ ས་རིག་དང་ ས་གཏེར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཕུན་ཚོགས་རྣམ་རྒྱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུའི་ཐོག་ལས་ ས་གཏེར་བརྟག་དཔྱད་འབད་མི་དེ་ མཇུག་བསྡུ་བའི་ཤུལ་ལས་ རྒྱལ་ཁབ་ཀྱི་ ས་ཁོངས་ལེ་ཤ་ཅིག་ནང་ གཏེར་རྫས་ཊངཛ་ཊེན་དང་ ཟངས་ཀྱིས་མ་དོ་བར་ རིན་ཐང་ཆེ་བའི་ གཏེར་རྫས་གཞན་ཚུ་ཡང་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
དེ་སྦེ་ ས་གཏེར་བརྟག་དཔྱད་སྐབས་ལུ་ འཛམ་གླིང་ནང་ དཀོད་དྲགས་ཅིག་ཨིན་མི་ རྡོ་རིགས་གིར་སེན་དང་ སི་ཀཱན་ཚུ་མ་ཚད་ ས་གཏེར་གཞན་ཚུ་ཡང་ཡོད་པའི་ ཤེས་རྟོགས་བྱུང་ཡོད་རུང་ འབོར་ཚད་དང་ སྤུས་ཚད་ འོས་འབབ་ཚུ་ གཏན་འཁེལ་སྦེ་ ཤེས་མི་ཚུགས་ནི་ཨིནམ་སྦེ་ གསལ་བཤད་འབད་ཡི།
ད་རེས་ ས་གཏེར་བརྟག་དཔྱད་འབད་མི་དེ་གིས་ ས་འཁྱོན་ཡོངས་རྫོགས་ལས་ དམིགས་གཏད་ཅན་གྱི་ ས་གོ་ཚུ་ ཚ་གཏད་འབད་ཚུགས་ཡོདཔ་ལས་ གཏེར་རྫས་ཚུ་གི་ འོས་འབབ་དང་ ནང་དོན་ཚུ་གིས་མ་དོ་བར་ སྤུས་ཚད་ཚུ་ཡང་ ས་ཐོག་དཔྱད་ཞིབ་ཀྱི་སྒོ་ལས་ གཏན་འཁེལ་བཟོ་དགོཔ་ཡོད་ཟེར་ཨིན་པས།
ད་ཚུན་ མི་ལོ་ ༥༠ གི་རིང་ལུ་ ང་བཅས་རའི་ རྒྱལ་ཁབ་ནང་ ག་ཅི་ཡོདཔ་ཨིན་ན་ར་ མ་ཤེས་པར་ ལུས་ཡོད་རུང་ ད་རེས་ གནམ་གྲུའི་ཐོག་ལས་ བརྟག་དཔྱད་འབད་མི་ལུ་བརྟེན་ཏེ་ ད་ལས་ཕར་ ས་ཐོག་ཞིབ་དཔྱད་ཚུ་ཡང་ ལག་ལེན་འཐབ་ཚུགས་ནི་ཨིནམ་བཀོད་ནུག།
གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ ལྷོ་མཚམས་དང་ ཐིམ་ཕུ་ སྤ་རོ་ཚུ་གི་ ས་ཆ་ཀི་ལོ་མི་ཊར་གྲུ་བཞི་ ༡༥,༤༡༠ དེ་ཅིག་ལུ་ ས་གཏེར་བརྟག་དཔྱད་འབད་ཡོདཔ་ད་ དེ་ཡང་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༢ ཀྱིས་ ས་གཏེར་བརྟག་དཔྱད་ཀྱི་ ལག་ཆ་ཚུ་ འབག་ཐོག་ལས་ ཐད་ཕྲང་སྟེ་འབད་བ་ཅིན་ ཀི་ལོ་མི་ཊར་ ༤༣,༠༠༠ ལྷགཔ་ཅིག་ འཕུར་འགྲུལ་འབད་ཡོདཔ་ཨིན་པས།
དེ་བཟུམ་མའི་ ས་གཏེར་ཚུ་ འཚོལ་ཞིབ་ཀྱི་དོན་ལུ་ ད་རེས་ འབྲུག་རྒྱལ་ཁབ་ཀྱིས་ ཧེ་མ་མེད་པའི་ ཉེན་སྲུང་ཅན་གྱི་ ས་ཁྲ་ཚུ་བཀོད་ཚུགས་པའི་ གོ་སྐབས་ཐོན་ཡོདཔ་ད་ ས་ཐོག་དཔྱད་ཞིབ་ཀྱི་དོན་ལུ་ གཞུང་ལས་ འཆར་དངུལ་ཚུ་ ལོགས་སུ་བཀོད་དེ་ཡོདཔ་ལས་ ས་ཐོག་ཞིབ་དཔྱད་ཚུ་ཡང་ འགོ་བཙུགས་ནི་ཨིན་པའི་སྐོར་ལས་ ཡོངས་ཁྱབ་མདོ་ཆེན་གྱིས་ གསལ་བཤད་འབད་ཡི།
དེ་མ་ཚད་ མཁའ་ཐོག་བརྟག་དཔྱད་སྐབས་ལུ་ ས་འོག་དང་ སའི་ཆགས་ཚུལ་དང་འབྲེལ་བའི་ བཅད་མཚམས་ཚུ་ནང་ ཚ་དྲོད་ཀྱི་ བརྡ་སྟོན་ཚུ་ཡང་ མཐོང་ཚུགས་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ ས་གཏེར་བརྟག་དཔྱད་སྐབས་ལུ་ རིན་ཐང་ཅན་གྱི་ ས་གཏེར་མང་རབས་ཅིག་ཡོད་པའི་ ཤེས་རྟོགས་བྱུང་མི་འདི་ རྒྱལ་ཁབ་ཀྱི་དོན་ལས་ གནས་ཚུལ་བཟངམོ་ཅིག་ཨིན་རུང་ ས་ཐོག་བརྟག་དཔྱད་ཚུ་ འགོ་འདྲེན་འཐབ་ཚརཝ་ད་མ་གཏོགས་ ལག་ལེན་ཚུ་གི་སྐོར་ལས་ ཧ་གོ་མི་ཚུགས་ཟེར་གསུངས་ཡི།
དེ་སྦེ་ ས་གཏེར་ཚུ་ ཕྱིར་གཏོན་སྐབས་ལུ་ཡང་ ག་ལྷོད་སྦེ་མིན་པར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་འཁྲིལ་ཏེ་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་མེདཔ་སྦེ་ ལག་ལེན་འཐབ་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ཡང་ གསུངས་ཡོད་པའི་གནས་ཚུལ།



Users Today :
Users Yesterday :
This Month :
This Year :
Total Users : 1301334
Views Today :
Total views : 5000
Who's Online :