
པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ འཛམ་གླིང་ནང་གི་ ཨང་ཅན་བདོག་གཏད་ནང་ ཡོངས་ཁྱབ་བརྗེ་སོར་གྱི་འགོ་ཁྲིདཔ་ བིཊ་གེཊ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མཉམ་འབྲེལ་གཞི་བཙུགས་ཀྱི་དོན་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་དང་གཅིག་ཁར་ མཉམ་འབྲེལ་ཆིངས་ཡིག་ཅིག་བཟོ་ནུག།
ཆིངས་ཡིག་དེ་དང་འཁྲིལ་བ་ཅིན་ བིཊ་གེཊ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ དགེ་ལེགས་ཕུག་ དངུལ་འབྲེལ་ཞབས་ཏོག་ཡིག་ཚང་གི་ སྒྲིག་གཞིའི་འོག་ལུ་ འབྲེལ་ཡོད་དངུལ་འབྲེལ་ཞབས་ཏོག་ཚུ་གི་ ཁྲིམས་མཐུན་ལག་ལེན་ གྲ་སྒྲིག་ཆོག་ཐམ་གྱི་དོན་ལས་ ཞུ་བ་འབད་དེ་ དགོས་དོན་ཅན་གྱི་ གནང་བ་ཚུ་གི་སྒོ་ལས་ ཁྲོམ་ཚོགས་ནང་གི་ ཨང་ཅན་བདོག་གཏད་ཀྱི་ གནས་སྟངས་ཡར་འཕར་ལུ་ རྒྱབ་སྐྱོར་འབད་ནི་གི་ ཀུན་སློང་ཡོདཔ་ཨིན་པས།
བིཊ་གེཊ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ གེར་སི་ཅེན་གྱིས་ འབྲུག་གིས་ ཨང་ཅན་བདོག་གཏད་ཀྱི་ ཐབས་ལམ་དེ་ ག་ནི་བ་དཀོན་པའི་ དུས་རིང་གི་བསམ་འཆར་དང་ གཙང་དག་ནུས་ཤུགས་ཀྱི་ཁེ་ཕན་ དེ་ལས་ སྒྲིག་འཛིན་དྭངས་གསལ་བཅས་ གཅིག་སྒྲིལ་ཅན་གྱི་ དཔེ་གཞི་དང་ ཨང་ཅན་དངུལ་འབྲེལ་ལས་དོན་ཅིག་ཨིནམ་ལས་ ལས་དོན་དེ་ནང་ ཁོང་གི་ཁ་ཐུག་ལས་ ཉམས་མྱོང་བརྗེ་སོར་དང་ གཞི་རྟེན་མཁོ་ཆས་ཀྱི་ཤེས་ཡོན་ དེ་ལས་ ས་གནས་ཀྱི་ རིག་རྩལ་གོང་འཕེལ་ཚུ་ནང་ ཕན་ཐབས་འབད་ནི་གི་ རེ་འདུན་ཡོད་ཟེར་བཤད་ནུག།
དེ་བཟུམ་སྦེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཚོགས་མདོ་ཆེན་ འཇིགས་བྲལ་སེངྒེ་གིས་འབད་བ་ཅིན་ ཁྲོམ་ཚོགས་ཀྱི་ དམིགས་གཏད་དེ་ སྒྲིག་གཞི་དང་ གཙུག་སྡེའི་གནས་ཚད་ མཐོ་དྲག་ས་དང་ དུས་རིང་དཔལ་འབྱོར་ལུ་ བརྩི་མཐོང་ཚུ་གི་ སྒྲིག་གཞི་བཙན་ཏོག་ཏོ་གུ་ གཞི་བརྟེན་ཏེ་ རྒྱལ་སྤྱིའི་གནས་ཚད་དང་བསྟུན་པའི་ ཨང་ཅན་བདོག་གཏད་ཀྱི་ གནས་སྟངས་གཞི་བཙུགས་འབད་ནི་དེ་ཨིན་པས།
དེ་འབདཝ་ལས བིཊ་གེཊ་དང་འདྲ་བའི་ མཉམ་རོགས་ཚུ་གི་ མཁས་མཆོག་ཚུ་ ནང་བསྐྱོད་ཐོག་ལས་ ས་གནས་ཀྱི་ལྕོགས་གྲུབ་ གོང་འཕེལ་གཏང་ནི་དང་ ཁྱབ་ཆེ་བའི་ དངུལ་འབྲེལ་གནས་སྟངས་ལུ་ གལ་ཆེ་བའི་ཁེ་ ཕན་འབད་ནི་གི་ འགན་ཁུར་ཚུ་ འབག་ནི་ཨིནམ་སྦེ་བཤད་ནུག།




Users Today :
Users Yesterday :
This Month :
This Year :
Total Users : 1301122
Views Today :
Total views : 5000
Who's Online :