
ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༨ པའི་ཚེས་ ༣ ལུ་ འབྲུག་རྒྱལ་ཁབ་དང་ ཇོར་ཌཱན་རྒྱལ་ཁབ་ཀྱི་བར་ན་ དོན་གཅོད་མཐུན་འབྲེལ་ གཞི་བཙུགས་གནང་ཡི་ཟེར་ཨིན་པས།
རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་མཐུན་འབྲེལ་གྱི་ མཉམ་འབྲེལ་གསལ་བསྒྲགས་གུ་ ནིའུ་ཡོག་འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ བསྟན་འཛིན་ཨར་དབང་ཕྱུག་དང་ ཇོར་ཌཱན་གྱི་ གཏན་འཇགས་སྐུ་ཚབ་ ཝ་ལིཌ་ཁ་ལིཌ་ཨོ་བེ་ཌཱཊ་ ༢ ཀྱིས་ མཚན་རྟགས་བཀོད་ནུག།
དེ་བཟུམ་མའི་ དོན་གཅོད་མཐུན་འབྲེལ་ གཞི་བཙུགས་གནང་མི་དེ་ཡང་ གལ་ཆེ་ཏོག་ཏོ་ཅིག་ཨིནམ་ད་ དོན་གཅོད་མཐུན་འབྲེལ་དེ་གིས་ འབྲུག་དང་ ཇོར་ཌཱན་གྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ ཕན་ཚུན་གོ་རྟོགས་ཚུ་ བཙན་ཐབས་འབད་ནི་ལུ་ ཁས་ལེན་གྱི་ བརྡ་མཚོན་སྟོན་དོ་ཡོདཔ་ཨིན་པས།
མཉམ་འབྲེལ་གསལ་བསྒྲགས་གུ་ མཚན་རྟགས་བཀོད་པའི་ རྟེན་འབྲེལ་སྐབས་ལུ་ སྐུ་ཚབ་གཉིས་ཆ་རའི་ ཁ་ཐུག་ལས་ རྒྱལ་ཁབ་གཉིས་ཀྱི་ སྐུ་འཁོར་ལྷན་རྒྱས་ཚུ་གི་བར་ན་ཡོད་མི་ མཐུན་ལམ་དང་ ལེགས་སྨོན་ཚུ་གི་སྐོར་ལས་ བཤད་པའི་ཁར་ འཛམ་གླིང་སྤྱི་ཚོགས་དང་ རྒྱལ་སྤྱིའི་གྲོས་གནས་གཞན་ཚུ་བརྒྱུད་དེ་ རྒྱལ་ཁབ་ ༢ ཀྱི་ གཞུང་གཉིས་ཀྱི་བར་ན་ ཟུང་ཕྱོགས་མཐུན་ལམ་ བཙན་ཐབས་འབད་ནི་དང་ མཐའ་དོན་གཅིག་པའི་ གནད་དོན་ཚུ་ནང་ མཉམ་འབྲེལ་མདུན་བསྐྱོད་འབད་ནི་ཚུ་ལུ་ ཁས་ལེན་ཡོད་ལུགས་ཚུ་ཡང་བཤད་ནུག། ད་རེས་ ཇོར་ཌཱན་དང་ འབྲུག་རྒྱལ་ཁབ་ཀྱི་བར་ན་ དོན་གཅོད་མཐུན་འབྲེལ་ གཞི་བཙུགས་གནང་མི་རྩིས་ཏེ་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཁབ་ ༦༢ དང་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་གཅིག་ཁར་ དོན་གཅོད་མཐུན་ལམ་ཚུ་ཡོདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1300998
Views Today :
Total views : 5000
Who's Online :