ཕུན་ཚོགས་གླིང་དང་ བསམ་རྩེ་ལུ་ རྒྱལ་ཡོངས་ཚོང་ལཱ་སྒྲིག་འཛིན་ གཞི་སྒྱུར་གྱི་ གྲོས་བསྟུན་གནང་ཡོདཔ།

བདུན་ཕྲག་འདི་ནང་ ཚོང་འབྲེལ་ས་གོ་གཙོ་བོ་ ཕུན་ཚོགས་གླིང་དང་ བསམ་རྩེ་ལུ་ རྒྱལ་ཡོངས་ཚོང་ལཱ་སྒྲིག་འཛིན་གཞི་སྒྱུར་གྱི་ གྲོས་བསྟུན་ཚུ་ འཕྲོ་མཐུད་དེ་ར་གནང་ཡོདཔ་ད་ དེ་སྒང་ ཚོང་འབྲེལ་དང་ བཟོ་གྲྭ་ ཚོང་འབྲེལ་སྒོ་ར་ཚུ་གི་ གྲོས་བསྟུན་ཁང་གིས་མ་དོ་བར་ རྒྱལ་ཁབ་ཀྱི་ ས་མཚམས་ནང་འཁོད་ལུ་ གཞི་རྟེན་མཁོ་ཆས་དང་ བཟོ་གྲྭ་གླིང་ག་ བཟོ་བཏོན་མཐུན་རྐྱེན་ ཚོང་འབྲེལ་བར་སྒོ་ཚུ་ནང་ལས་ཕར་ཡང་ ཁྱབ་ཡོདཔ་ཨིན་པས།  

གྲོས་བསྟུན་ལས་རིམ་དེ་ ཚོང་ལཱ་འབད་མི་དང་ ས་གནས་གཞུང་ ཁེ་གྱོང་འབག་མི་ཚུ་ལུ་ སྒྲིག་གཞི་དང་འབྲེལ་བའི་ གནད་དོན་ཚུ་དང་ ལག་ལེན་རུང་བའི་ ལེགས་བཅོས་ཚུ་གི་སྐོར་ལས་ བསམ་འཆར་ཚུ་ བཀོད་ནི་གི་ གྲོས་གནས་ཅིག་སྦེ་ ལག་ལེན་འཐབ་ཚུགས་ཏེ་ཡོདཔ་མ་ཚད་ གྲོས་བསྟུན་གྱི་དོན་ལུ་ བལྟ་སྐོར་ལུ་འགྱོ་མི་སྡེ་ཚན་ལུ་ སྲིད་བྱུས་དང་ སྒྲིག་གཞི་ མི་མང་ཞབས་ཏོག་ཚུ་གིས་ ཚོང་ལཱ་ལག་ལེན་ཚུ་ལུ་ ཕན་གནོད་ག་བཟུམ་བྱུངམ་ཨིན་ན་ དངོས་གནས་སྦེ་ ཧ་གོ་ཚུགས་ནུག།  

ཕུན་ཚོགས་གླིང་ལུ་ སྡེ་ཚན་དེ་གིས་ རྒྱལ་སྤྱིའི་ཐོན་འཛུལ་སྒོ་ར་ ལག་ལེན་འཐབ་སྟེ་ ཚོང་ལཱ་དང་ བལྟ་བཤལ་ འགྲོ་འགྲུལ་ཚུ་གི་ ཉམས་མྱོང་ལེགས་སྒྱུར་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས།

ཚོང་འབྲེལ་བཟོ་གྲྭ་དང་ ལཱ་གཡོག་བློན་པོ་གིས་ དབུ་གཙོས་པའི་ སྡེ་ཚན་དེ་གིས་ ལག་ལེན་དོ་འགྲན་ཚུ་ ཧ་གོ་ཐབས་ལུ་དང་ ཞབས་ཏོག་སྤྲོད་ནི་དང་ སྣུམ་འཁོར་བསྐྱོད་ཐངས་ ཚོང་འབྲེལ་ལུ་ མཐུན་རྐྱེན་སྦྱར་ནི་ཚུ་ནང་ གོ་སྐབས་ཚུ་ ངོས་འཛིན་འབད་ཐབས་ལུ་ རྐང་འགྲུལ་བར་སྒོ་དང་ ཐོན་འཛུལ་མཐུན་རྐྱེན་ ཕྱི་མི་ནང་བསྐྱོད་དང་ ཅ་དམ་གྱི་བྱ་སྒོ་ དེ་ལས་ དཔག་བསམ་ཁའི་ ས་ཐོག་འབབ་ཚུགས་ བཟོ་བསྐྲུན་ཚུ་ནང་ཡང་ གཟིགས་ཞིབ་གནང་ནུག།

དེ་མ་ཚད་ སྡེ་ཚན་དེ་གིས་ དམ་ཌ་ར་བཟོ་གྲྭའི་ས་ཁོངས་ནང་ ཚོང་ལཱ་ཚུ་གི་ གླར་སྤྱོད་དུས་ཡུན་ཚངམ་ལས་ སྤོ་བཤུད་འབད་ཐབས་སྒྲིག་མི་ བཟོ་གྲྭ་ཁང་ཚུ་དང་ཡང་ ཕྱད་གནང་ཡོདཔ་ཨིན་པས།

དེ་བསྒང་ བཟོ་གྲྭ་ཁང་ཚུ་ལུ་ དོ་འགྲན་བྱུང་མི་ཚུ་ ངོས་འཛིན་ཐོག་ལས་ ཕུན་ཚོགས་གླིང་ ཁྲོམ་སྡེ་དང་གཅིག་ཁར་ མཉམ་འབྲེལ་འཐབ་སྟེ་ ལྷན་ཁག་གིས་ གླར་སྤྱོད་དུས་ཡུན་དེ་ མཐར་འཁྱོལ་ཅན་སྦེ་ སྤྱི་ལོ་ ༢༠༢༩ སྤྱི་ཟླ་ ༦ པ་ཚུན་ ཡར་སེང་གནང་ནུག།

དེ་བཟུམ་མའི་ འབྲེལ་དོན་དེ་གིས་ འཆར་གཞི་ཐོག་གི་ ཁྲོམ་ཚོགས་གོང་འཕེལ་དང་ བཟོ་གྲྭ་དང་ ཚོང་ལཱ་ ལཱ་གཡོག་ཚུ་ དོ་མཉམ་བཟོ་ནི་ལུ་ གཞུང་གི་ཁས་ལེན་ བསྐྱར་གསོ་འབདཝ་ཨིན་པས།

ཕུན་ཚོགས་གླིང་ལུ་ གྲོས་བསྟུན་ཚུ་གནངམ་ད་ བཟོ་གྲྭའི་དོན་ལུ་ ས་ཆ་གླར་སྤྱོད་ཀྱི་ དུས་ཡུན་དང་ ས་མཚམས་ཀྱི་མཐུན་རྐྱེན་ ཕྱིའི་ལས་མི་འཛིན་སྐྱོང་ བལྟ་བཤལ་དང་འབྲེལ་བའི་ དཔལ་འབྱོར་གྱི་གོ་སྐབས་ མི་མང་ཞབས་ཏོག་སྤྲོད་ནི་ ཚོང་ལཱ་དང་ ཚོང་འབྲེལ་ཆོག་ཐམ་ ནང་འཁོད་ཐོན་སྐྱེད་ ཕྱིར་ཚོང་ཚུ་ལུ་ གཙོ་བོར་བཟུང་ནུག།

དེ་བཟུམ་སྦེ་ བསམ་རྩེ་ལུ་འབད་བ་ཅིན་ འབྲུག་གི་བཟོ་གྲྭའི་ས་ཁོངས་ མགྱོགས་དྲགས་སྦེ་ གོང་འཕེལ་ཐོན་མི་ བཙན་ཐབས་འབད་ནི་ལུ་ གཙོ་བོར་བཟུང་སྟེ་ གཧུང་གྲོས་གནང་ཡོདཔ་མ་ཚད་ ས་མཚམས་ཀྱི་ ཚོང་འབྲེལ་དང་ བལྟ་བཤལ་ དངུལ་གྱི་སེམས་ཤུགས་མཐུན་རྐྱེན་ མཐའ་འཁོར་འཛིན་སྐྱོང་ དེ་ལས་ བསམ་རྩེ་དེ་ བཟོ་གྲྭ་དང་ གྲ་སྒྲིག་ལྟེ་བ་ཅིག་ལུ་འགྱུར་བའི་ གལ་གནད་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།

Please follow and like us: