ཟླཝ་བདུན་གྱི་ནང་ དལ་ཉམས་དང་ གནོད་ཉེན་ཅ་ཆས་ཀྱི་ཁྲལ་ དངུལ་ཀྲམ་ཐེར་འབུམ་ ༣.༣༤༣ བསྡུ་ལེན།

དུས་ཅི་ སྤྱི་ཟླ་ ༧ པའི་ཚེས་ ༢༩ ཚུན་ལུ་ ནང་ཁྲལ་བསྡོམས་ དངུལ་ཀྲམ་ཐེར་འབུམ་ ༣.༣༤༣ བསྡུ་ལེན་འབད་ཡོདཔ་ད་ ཁྲལ་དེ་ནང་ ནང་ཁྲལ་ཕོག་མི་ ཅ་ཆས་ནང་འདྲེན་དང་ ནང་འཁོད་ལུ་ བཟོ་བཏོན་འབད་མི་ ནང་ཁྲལ་ཕོག་པའི་ ཅ་ཆས་ཚུ་ ཚུདཔ་ཨིན་པས།

དེ་ཡང་ ཅ་ཆས་ནང་འདྲེན་གྱི་ ནང་ཁྲལ་དེ་ དངུལ་ཀྲམ་ཐེར་འབུམ་ ༢.༣༦༢ བསྡུ་ལེན་འབད་ཡོད་མི་དེ་ བསྡུ་ལེན་ཡོངས་བསྡོམས་ལས་ བརྒྱ་ཆ་ ༧༠.༦༥ དེ་ཅིག་ཨིནམ་ད་ ནང་འཁོད་ལུ་ བཟོ་བཏོན་འབད་ཡོད་པའི་ ཅ་ཆས་ཀྱི་ནང་ཁྲལ་ དངུལ་ཀྲམ་ས་ཡ་ ༩༨༠.༨༧  འབད་མི་དེ་ བསྡུ་ལེན་ཡོངས་བསྡོམས་ལས་ བརྒྱ་ཆ་ ༢༩.༣༤ དེ་ཅིག་ཨིན་པས།

ནང་ཁྲལ་ཟེར་མི་དེ་ ཅ་ཆས་དང་ ཞབས་ཏོག་ཁྲལ་ལས་ ལོགས་སུ་སྦེ་ བསྡུ་ལེན་འབདམི་དེ་ཨིནམ་ད་ ནང་ཁྲལ་དེ་ སྤྱིར་བཏང་ལུ་ གནོད་ཉེན་ཡོད་པའི་ ཅ་ཆས་དང་ དལ་ཉམས་ཅ་ཆས་ཀྱི་ཁྲལ་ཟེར་ བརྩི་དོ་ཡོདཔ་ད་ དེ་ཡང་ ཆང་དང་ ཏམ་ཁུ་ རྡོག་མ་ཚུ་ སྤྱོད་ཚད་ཕབ་ནི་གི་དོན་ལུ་ བཀལ་སྲོལ་ཡོདམི་དང་ སྣུམ་འཁོར་དང་ མངར་ཁུ་བཟུམ་མའི་ ཅ་ཆས་ཚུ་གུ་བཀལ་མི ནང་ཁྲལ་དེ་ལུ་ དལ་ཉམས་ཀྱི་ཁྲལ་ཟེར་ སླབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: