
སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ བློན་ཆེན་གྱི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ནང་སྲིད་བློན་པོ་ ཚེ་རིང་དང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་ ༢ ལྷན་རྒྱས་གཞུང་ཚོགས་ནང་ལས་ དགོངས་ཞུ་འབད་ཡི་ཟེར་ཨིན་པས།
དེ་སྦེ་ དགོངས་ཞུ་འབད་མི་དེ་ཡང་ རྩ་ཁྲིམས་ཆེན་མོ་དང་ ལྷན་རྒྱས་གཞུང་ཚོགས་ བཅའ་ཁྲིམས་ ༢༠༢༡ ཅན་མ་དང་འཁྲིལ་ཏེ་ མི་རྗེ་བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ངོས་ལེན་གྲུབ་ཡོདཔ་ད་ ད་ལས་ཕར་ དགོངས་ཞུ་འབད་མི་ བློན་པོ་ ༢ ཀྱིས་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ འཕྲོ་མཐུད་དེ་ར་ ཕྱག་ཞུ་ནི་ཨིན་ཟེར་བཀོད་ནུག།
བློན་པོ་ཚེ་རིང་གིས་ ཁོ་རའི་སྐབས་ཐོག་གི་ སྒེར་གྱི་གནད་དོན་ཚུ་ལུ་བརྟེན་ཏེ་ གཤིས་སྤྱོད་ཀྱི་ གནས་ཚད་མཐོ་དྲགས་དང་ གཞུང་སྐྱོང་དང་ མི་མང་གི་བློ་གཏད་ གཙུག་སྡེའི་དྲང་བདེན་ཚུ་ལུ་ བརྩི་བཀུར་གྱི་སྒོ་ལས་ ཁས་བླངས་ཐོག་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
བློན་པོ་མགོནམ་ཚེ་རིང་གིས་ ལོ་ན་རྒས་ནི་དེ་གིས་དང་ ན་གཞོན་ཚུ་གིས་ འགོ་ཁྲིད་ཀྱི་འགན་ཁུར་ མཐོ་ཤོས་འབག་ནིའི་དོན་ལས་ སེམས་སྐུལ་ལུ་དམིགས་ཏེ་ དགོངས་ཞུ་འབད་ནི་སྦེ་ གྲོས་ཐག་བཅད་པའི་ཤུལ་ལུ་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་ནུག།
མི་རྗེ་བློན་ཆེན་ ཚེ་རིང་སྟོབས་རྒྱས་ཀྱིས་ དགོངས་ཞུ་འབད་མི་ བློན་པོ་ ༢ ལུ་ ཐ་དམ་ཚིག་གི་སྒོ་ལས་ རྩ་བ་གསུམ་གྱི་ ཕྱག་ཕྱིད་ཞུ་མི་ལུ་ བཀྲིས་ལེགས་སོ་ཡོད་ལུགས་དང་ བློན་པོ་ཚེ་རིང་གིས་ གཤིས་སྤྱོད་དང་ མི་མང་བློ་གཏད་ལུ་བརྩི་བཀུར་ དེ་ལས་ བློན་པོ་མགོནམ་ཚེ་རིང་གིས་ མ་འོངས་མི་རབས་ཀྱི་ འགོ་ཁྲིད་གོང་འཕེལ་ལུ་ ཁས་ལེན་ཡོད་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
ལྷན་ཁག་ ༢ ཀྱི་དོན་ལས་ བར་སྐབས་བདག་སྐྱོང་གི་ ཐབས་ལམ་ཚུ་ མགྱོགས་པ་ར་ གསལ་བསྒྲགས་འབད་ནི་ཨིནམ་ད་ དེ་ཡང་ ཁྲིམས་ལུགས་དང་འཁྲིལ་ཏེ་ བློན་པོའི་གོ་གནས་ཀྱི་དོན་ལུ་ འདེམས་ངོ་ཚུ་ གདམ་འཐུ་འབད་དེ་ མི་དབང་མངའ་ཞབས་མཆོག་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1309565
Views Today :
Total views : 5000
Who's Online :